པེ་ཅིང་ཨོ་ལིམ་ཕིག་སྐབས་སྲུང་སྐྱོབ་ལ་ཉེན་ཁའི་སྔོན་བརྡ།
རྒྱ་ནག་གིས་འདི་ལོའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་དེ་སྔ་དང་མི་འདྲ་བའི་སྲུང་སྐྱོབ་ལ་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་འདུག།
-
2008-06-01 -
-
-
༄༅༎སིང་ག་པུར་ནང་སྲུང་སྐྱོབ་ཀྱི་ཚོགས་ཆེན་ཞིག་གི་སར་ རྒྱ་ནག་མི་མང་བཅིང་འགྲོལ་དམག་མིའི་དམག་སྤྱི་གཞོན་པ་ མཱ་ཞའོ་ཐན་ གྱིས་ཕྱི་ཟླ་བརྒྱད་པའི་ནང་བཱེ་ཅིང་ནང་ཨོ་ལིམ་ཕིག་རྩེད་འགྲན་ལ་དེ་སྔ་དང་མི་འདྲ་བའི་འཇིགས་སྐུལ་དྲག་སྤྱོད་པས་དྲག་རྒོལ་བྱས་རྒྱུ་སོགས་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་ཡོད་སྐོར་དང་སྦྲགས་ རྒྱལ་སྤྱིའི་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་འཇིགས་སྐུལ་དྲག་ལས་ཀྱིས་སྤྱི་ཚོགས་ཀྱི་དཔལ་ཡོན་རྣམས་རྩ་མེད་གཏང་རྒྱུའི་ཉེན་ཁ་ཡོད་ལུགས་རོའུ་ཊརསེ་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག ཕྱི་རྒྱལ་གྱི་དོན་གཉེར་བ་ཚོས་ཨོ་ལིམ་ཕིག་གི་དཔལ་འབར་སྐོར་བསྐྱོད་སྐབས་ངོ་རྒོལ་བྱས་པ་བཞིན་ རྒྱ་ནག་གིས་བོད་ནང་དང་ ཌའར་ཕཱུར་ དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་རྒྱ་ནག་གཞུང་གིས་བློ་འཚབ་བྱེད་མུས་ཡིན་པ་རེད་ དེ་འདྲའི་ཉེན་ཁ་ཡོད་པར་ངོས་འཛིན་ནས་ ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་འགྲོ་མཁན་ཨ་རིའི་མི་སེར་རྣམས་ལ་སྲུང་སྐྱོབ་ཀྱི་ཉེན་བརྡ་དང་ལྷག་དོན་དུ་ཨོ་ལིམ་ཕིག་རྩེད་འགྲན་སྐབས་དྲག་རྒོལ་གྱི་ཉེན་ཁ་ཡོད་ལུགས་ད་ལྟ་ནས་ཉེན་བརྡ་བཏང་ཡོད་འདུག ཨེལ་ཁ་ཊ་སོགས་དྲག་སྤྱོད་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་དྲག་རྒོལ་གྱི་ཉེན་ཁ་དེ་ཙམེད་རུང་ རྒྱ་ནག་གིས་རྩེད་འགྲན་སྐབས་ཉེན་སྲུང་བ་འབུམ་གཅིག་དང་དང་བླངས་བ་ཁྲི་དྲུག་བཀྲམ་རྒྱུ་དང་གསང་བའི་དཔར་ཆས་ཁྲི་གསུམ་བཙུགས་རྒྱུ་ཡིན་འདུག འདས་པའི་དུས་སུ་ཨོ་ལིམ་ཕིག་རྩེད་འགྲན་སྐབས་སུ་དྲག་རྒོལ་གྱི་ལོ་རྒྱུས་ཡོད་པ་དང་ དཔེར་ན་ཕྱི་ལོ་༡༩༩༦ལོར་ཨེཏ་ལེན་ཊ་འབར་རྫས་གས་གཏོར་གྱིས་མི་གཅིག་གི་ཚེ་སྲོག་དང་བརྒྱ་ཙམ་རྨས་པ་རེད་ ཡང་ཕྱི་ལོ་༡༩༧༢ལོར་མིའུ་ནིག་ནང་པེལེསི་ཊིན་གྱི་དྲག་རྒོལ་བས་ཨེསེ་རེལ་གྱི་ཡུལ་མི་བཅུ་གཅིག་བསད་པ་རེད༎