ཨོ་ལིམ་པིག་རྩེད་འགྲན་ཆབ་སྲིད་ཅན་དུ་འགྱུར་བའི་དོགས་དྲི།
རྒྱ་ནག་དཔོན་རིཌ་ཤིག་གིས་རྒྱ་ནག་རྒྱལ་ཁབ་ཀྱི་སྐར་ལྔའི་དར་དམར་དུས་རྟག་ཏུ་བོད་ཀྱི་ས་སྟེང་དུ་འཕྱར་རྒྱུ་ཡིན་ལུགས་གསུངས་འདུག
-
2008-06-26 -
-
-
༄༅༎ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲང་ཆི་ལིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐར་ལྔའི་དར་དམར་དུས་རྟག་ཏུ་བོད་ཀྱི་ས་སྟེང་དུ་འཕྱར་རྒྱུ་ཡིན་ལུགས་དང་། དེ་བཞིན་༸གོང་ས་མཆོག་ལ་ཁ་གཏད་ཀྱི་བྱེད་དགོས་ལུགས་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་དེ་ཚོའི་ཐོག་ནས་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་སྲིད་དོན་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་མཚོན་རྟགས་ཡིན་པས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྷན་ཁང་གིས་ངོས་འཛིན་གནང་སྟེ་ གཟའ་ལྷག་པའི་ཉིན་གནད་དོན་དེའི་ཐོག་རྒྱ་ནག་གཞུང་གིས་འགྲེལ་བཤད་ཁ་གསལ་བསྐྱོན་དགོས་པའི་ནང་དོན་འཁོད་པའི་ཡི་གེ་ཞིག་རྒྱ་ནག་ཕྱོགས་སུ་བཏང་ཡོད་པ་དང༌། དེ་རིང་གཟའ་ཕུར་བུའི་ཉིན་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པར་གནད་དོན་དེའི་ཐོག་བཀའ་འདྲི་ཞུ་དུས་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་གོང་ཞུས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྷན་ཁང་གི་ཕྱག་བྲིས་དེའི་སྐོར་ཁ་གསལ་ཤེས་རྟོགས་མ་བྱུང༌། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའི་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་འཛིན་གྱི་ཡོད་ཅིང༌། ལྷག་པར་དུ་མི་ཁག་ཅིག་གིས་ཨོ་ལིམ་པིག་རྩེད་འགྲན་དེ་བེད་སྤྱོད་བྱས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་ནས་བྱེད་ཀྱི་ཡོད་། ཉེ་བའི་ཆར་ཨོ་ལིམ་པིག་རྩེད་འགྲན་དང་དེ་བཞིན་བོད་ནང་༣།༡༤འི་དོན་རྐྱེན་དེ་དང་འབྲེལ་བའི་གནད་དོན་ཐོག་འབྲེལ་ཡོད་དཔོན་རིགས་ནས་རང་ཉིད་ཀྱི་བསམ་ཚུལ་ཕྱིར་བཏོན་བྱས་པ་དེ་ནི་ཨོ་ལིམ་པིག་རྩེད་འགྲན་ཆབ་སྲིད་ཅན་དུ་འགྱུར་བ་རྩ་བ་ནས་མིན་པར། དེ་ལྟར་བརྗོད་དོན་གཙོ་བོ་བོད་ཀྱི་ས་ཁུལ་ནང་མགྱོགས་མྱུར་བརྟན་ལྷིང་ཡོང་ཐབས་ཀྱིས་ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་ཞི་བ་དང་བརྟན་ལྷིང་གི་རྣམ་པ་ཞིག་གི་འོག་སྤེལ་ཐུབ་པའི་ཆེད་དུ་ཡིན་ལུགས་བརྗོད་ཡོད་འདུག