རྒྱ་ནག་ནས་གསར་འགོད་པའི་ཐད་སྡང་ཟུག་གི་ཁོར་ཡུག་སྤེལ་བཞིན་པ།
རྒྱ་ནག་ལ་རྒྱལ་སྤྱིའི་གསར་འགོད་པའི་གསར་འགོད་རང་དབང་ལ་ དམ་བསྒྲགས་བྱ་རྒྱུ་ཕྱིར་ཤོལ་དགོས་སྐོར་གསུངས་ཡོད་པ་རེད་
-
2008-04-30 -
-
-
༄༅༎རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་ རྒྱ་ནག་གཞུང་ལ་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྒྲིག་གཞི་དང་མཐུན་པ་ རྒྱལ་སྤྱིའི་གསར་འགོད་པའི་གསར་འགོད་རང་དབང་ལ་དམ་བསྒྲགས་བྱ་རྒྱུ་ཕྱིར་ཤོལ་དགོས་སྐོར་གསུངས་ཡོད་པ་རེད་
དེ་ཡང་གསར་འགོད་མཐུན་ཚོགས་ཀྱིས་ རྒྱ་ནག་གཞུང་ནས་ཕྱི་རྒྱལ་གསར་འགོད་པ་ཚོའི་ཐད་སྡང་ཟུག་གི་ཁོར་ཡུག་ཞིག་སྤེལ་བཞིན་ཡོད་པ་དེ་མཚམས་འཇོག་མ་བྱུང་ཚེ་ འདིས་ཨོ་ལིམ་ཕིག་གི་རྩེད་འགྲན་གྱི་ཁོར་ཡུག་དེ་མི་བདེ་བ་ཆེན་པོ་ཞིག་བཟོ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་ དེ་ཡང་གསར་འགོད་མཐུན་ཚོགས་ཀྱི་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གསར་འགོད་པ་ཉུང་མཐར་ཡང་བཅུ་ཙམ་ལ་ཨིན་ཊར་ནེཊའི་དྲ་རྒྱ་དང་ གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བཅས་ཀྱི་ནང་བོད་ཀྱི་གནད་དོན་དང་འབྲེལ་གནས་ཚུལ་ཁྱབ་སྤེལ་བྱས་པར་ སྲོག་ཉེན་གྱི་འཇིགས་སྐུལ་བྱུང་ཡོད་སྐོར་བཀོད་ཡོད་པ་རེད་ ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཀྱིས་ རྒྱ་ནག་གཞུང་གིས་ཐོག་མ་རྩེད་འགྲན་གྱི་མགྲོན་བདག་ལ་ཞུ་སྙན་སྐབས་ ཕྱི་རྒྱལ་གསར་འགོད་པ་ཚོར་ཚུལ་མཐུན་གྱི་གསར་འགོད་རང་དབང་གནང་རྒྱུ་ཁས་ལེན་བྱས་པ་བཞིན་ ད་ཆ་ལག་ལེན་བསྟར་དགོས་ཀྱི་ཡོད་པ་དང་ འདིའི་ནང་གསར་འགོད་པ་ཚོར་ བོད་ཀྱི་ས་ཁུལ་ནང་བསྐྱོད་དེ་གནས་ཚུལ་སྤེལ་རྒྱུའི་གོ་སྐབས་དགོས་ཀྱི་ཡོད་པ་དང་ གསར་འགོད་པ་ཚོའི་ལས་དོན་ལ་འགོག་རྐྱེན་དང་དམ་ བསྒྲགས་བྱ་རྒྱུ་མཚམས་འཇོག་དང་ ཕྱི་རྒྱལ་གསར་འགོད་པ་ཚོས་བཀའ་མོལ་ཞུ་ཡུལ་གྱི་རྒྱ་རིགས་ཀྱི་མཚོན་ མི་མང་ཚོར་ཉེས་ཆད་གཏོང་རྒྱུའི་རིགས་མཚམས་འཇོག་དང་ དེ་བཞིན་ཕྱི་རྒྱལ་གསར་འགོད་པ་ཚོའི་ལྷན་ལས་ཀ་བྱེད་མཁན་གྱི་རྒྱ་རིགས་མི་མང་ལ་འཇིགས་སྐུལ་བྱ་རྒྱུ་དེ་རིགས་ཆ་ཚང་
མཚམས་འཇོག་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད་