གཟིམ་ཆུང་འགྲུབ་སྟོན་ལ་དཔེ་མཛོད་ཁང་དབུ་འབྱེད་ཀྱི་མིང་བཀལ་བ།

ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཁང་གསར་གཞེངས་ལེགས་འགྲུབ་ཀྱི་མཛད་སྒོར་དཔེ་མཛོད་ཁང་དབུ་འབྱེད་ཞེས་མིང་བཙན་བཀལ་བྱས་འདུག

རྔ་བ་ཀིརྟིའི་དགོན་པར་ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཁང་གསར་གཞེངས་ལེགས་འགྲུབ་ཀྱི་མཛད་སྒོ། ༢༠༡༦།༡༠།༡༥ བོད་འབྱོར།

ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཁང་གསར་གཞེངས་ལེགས་འགྲུབ་ཀྱི་མཛད་སྒོར་ཕྱི་ལ་མགྲོན་བརྡ་གཏོང་སྐབས་དཔེ་མཛོད་ཁང་དབུ་འབྱེད་འབོད་དགོས་བ་རྒྱ་ནག་གཞུང་གིས་བཀའ་བཏང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༠་བའི་ཚེས་༡༥་ཉིན། མདོ་སྨད་རྔ་བ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་རོང་ཆེན་བསྟན་པའི་སྒྲོན་མེ་༧ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཆུང་རྟེན་དང་བརྟེན་པ་ལེགས་པར་འགྲུབ་པའི་མཛད་སྒོ་ཚོགས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་ལ་སྔ་ས་རྒྱ་ནག་གཞུང་གིས་དོགས་ཟོན་ནན་མོ་བྱས་བ་དང་འབྲེལ་ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཁང་གསར་གཞེངས་ལེགས་འགྲུབ་ཀྱི་མཛད་སྒོ་ཕྱི་ལ་མགྲོན་བརྡ་གཏོང་སྐབས་དགོན་པའི་ནང་དཔེ་མཛོད་ཁང་དབུ་འབྱེད་བྱེད་བཞིན་པ་བསྒྲགས་དགོས་བ་དང་། དེ་བཞིན་སྐབས་དེར་ཟིང་ཆ་རིགས་མི་ཡོང་བའི་འགན་ལེན་བྱས་ན་མ་གཏོགས་མཛད་སྒོར་ཆོག་མཆན་སྤྲོད་རྒྱུ་མིན་པའི་བཙན་བཀའ་བཏང་བར་བརྟེན། ཀིརྟི་དགོན་པའི་ངོས་ནས་མི་འདོད་བཞིན་དུ་ཕྱི་ལ་དཔེ་མཛོད་ཁང་སྒོ་འབྱེད་ཀྱི་ཁྱབ་བསྒྲགས་དང་མཉམ་རྒྱ་ནག་གིས་ཕྱི་ནང་གསང་གསུམ་ནས་དམ་དྲག་དང་མཉམ་ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཁང་གསར་གཞེངས་ལེགས་འགྲུབ་ཀྱི་མཛད་སྒོ་ཚོགས་ཡོད་པ་བརྗོད་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཟླ་བ་འདི་ཟླ་འགོ་ནས་ཚད་མའི་དགུན་ཆོས་ཐེངས་བཅུ་བ་ཡང་ཀི་རྟི་དགོན་པར་ཚོགས་པ་དང་། གཟིམ་ཆུང་འགྲུབ་སྟོན་མཛད་སྒོའི་སྐབས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ལྷ་སྡེ་མི་སྡེ་དང་། ཧོར་གཙང་ཀིརྟི་དགོན་པའི་ལྷ་སྡེ་མི་སྡེ། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ལྷ་སྡེ་མི་སྡེ་སོགས་དགོན་ལག་ཁག་གི་དགེ་འདུན་པ་བཞི་སྟོང་ཙམ་དང་ཕྱོགས་མཐའ་ཁག་ནས་དད་ལྡན་པ་མང་པོ་འཛོམས་ཡོད་པར་རྒྱ་ནག་གཞུང་གིས་སྒྲིག་ཆས་གྱོན་མེད་པའི་ཉེན་རྟོག་པ་དང་གསང་བའི་མི་སྣ་མང་པོ་དཀྲམ་ནས་ཕྱི་ལ་མངོན་གསལ་མེད་པའི་ཐོག་དམ་དྲག་བྱས་ཡོད་པ་བརྗོད་བྱུང་།
ཡང་འདི་གའི་གསར་འགོད་པ་གནས་ཚུལ་བཏང་བ་ལྟར་ན། མཛད་སྒོའི་ཐོག་ས་གནས་དང་ཕྱོགས་མཐའ་ཁག་ནས་མང་ཚོགས་དང་། ཉེ་འཁྲིས་དགོན་པ་ཁག་གི་དགེ་འདུན་སོགས་མཉམ་ཞུགས་དང་འབྲེལ་འཚམས་འདྲི་ཞུས་ཡོད་འདུག་ལ་ད་དུང་མུ་མཐུད་ནས་ཆོས་ཕྱོགས་ཀྱི་ལམ་ནས་རྟེན་འབྲེལ་མཛད་སྒོ་ཁག་ཚོགས་བཞིན་ཡོད་འདུག
རྔ་བ་ཀིརྟི་དགོན་པའི་དགོན་བདག་བླ་མ་དང་། ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་མཆོག་དེ་སྔ་བས་བྲོས་བྱོལ་གྱིས་དེང་སྐབས་བཞུགས་སྒར་རྡ་རམ་སཱ་ལར་བཞུགས་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org