བོད་ནང་དམར་ཤོག་ཚོགས་པའི་དྲུང་ཆེ་བརྗེ་འགྱུར།

རྒྱ་ནག་གཞུང་གིས་བོད་རང་ལྗོངས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྲང་ཆིང་ལི་གཙོས་པའི་འགོ་ཁྲིད་ཁག་ཅིག་བརྗེ་འགྱུར་བྱས་ཡོད་པའི་སྐོར།

༄༅༎རྒྱ་ནག་གཞུང་གིས་བོད་རང་ལྗོངས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྲང་ཆིང་ལི་གཙོས་པའི་འགོ་ཁྲིད་ཁག་ཅིག་བརྗེ་འགྱུར་བྱས་ཡོད་པའི་སྐོར་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཤིང་ཧྰ་གསར་ཤོག་ཐོག་བཀོད་ཡོད་པ་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད།

ད་དུང་ཤིང་ཧྰ་གསར་ཤོག་ལས་ཁང་གིས། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོག་པའི་འགོ་ཁྲིད་ཀྲང་ཆིང་ལི་ ཡི་ཚབ་ཏུ་ལོ་༥༥ ཡིན་པའི་རྒྱ་ནག་གི་བྱང་ཕྱོགས་ཧེ་བེ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁྲེན་ཆུན་ཀུའོ་བསྐོ་བཞག་བྱ་རྒྱུ་དང༌། ཀྲང་ཆིང་ལི་གོ་གནས་གཞན་ཞིག་ཏུ་བསྐོ་བཞག་བྱ་རྒྱུའི་གསར་འགྱུར་ཐུང་ངུ་ཞིག་སྤེལ་བ་ལས། ཕྱི་ལོ་༢༠༠༥ ནས་བཟུང་འདས་ཟིན་པའི་མི་ལོ་དྲུག་ཙམ་རིང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་བྱས་ཏེ་བོད་ནང་དབང་འཛིན་བྱེད་མཁན་ཀྲང་ཆིང་ལི་གང་དུ་འགྲོ་གི་ཡོད་མེད་དང། གང་ཞིག་ཏུ་ལས་འགན་བསྐོ་བཞག་བྱེད་གྱི་ཡོད་མིན་གྱི་གནས་ཚུལ་ཞིབ་ཕྲ་བཀོད་མེད་པ་རེད།

ཀྲང་ཆིང་ལི་ནི། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་གསོ་སྐྱོང་བྱེད་ཡུལ་གུང་ཁྲན་ན་གཞོན་སྡེ་ཚོགས་ནང་༡༩༧༩ ནས་༡༩༨༦ བར་འགོ་ཁྲིད་ཀྱི་ལས་འགན་འཁུར་མྱོང་བ་དང༌། རྗེས་སུ་ན་གཞོན་བཟོ་བ་དང་ཞིང་པའི་འགོ་ཁྲིད་གཞོན་པའི་ལས་འགན་འཁུར་མྱོང་ཡོད་ཅིང༌།  རྒྱ་ནག་གི་ནུབ་ཕྱོགས་ཤིང་ཅང་དུ་སྤྱི་ཁྱབ་པ་གཞོན་པའི་ལས་གནས་འཁུར་བཞིན་པ་དེ་ནས་༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་དུ་བསྐོ་བཞག་བྱས་པ་ཞིག་ཡིན་པ་རེད།

ད་དུང་ཤིང་ཧྰ་གསར་ཤོག་ཐོག་ལ། རྒྱ་ནག་གི་ལྷོ་ནུབ་ཡུན་ནན་ཞིང་ཆེན་གྱི་དྲུང་ཆེ་བའེ་ཨེན་པེ་ཡི་ཚབ་ཏུ། ཆིང་ཀོང་རོང་བསྐོ་བཞག་བྱས་པ་དང༌། དེ་བཞིན་རྒྱ་ནག་གི་ལྷོ་ཕྱོགས་ཧེ་ནན་ཞིང་ཆེན་གྱི་དྲུང་ཆེ་ལྦེ་ལིའུ་ཁྲེང་ཡི་ཚབ་ཏུ་ལུ་བའོ་མིང་བསྐོ་བཞག་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org