རྒྱ་ནག་གིས་ཡོ་རོབ་མཉམ་འབྲེལ་ལྷན་ཚོཌ་ལ་ཉེན་བརྡ་བཏང་བ།

རྒྱ་ནག་གིས་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ལ་སྐྱོན་འཛུགས་དང་འབྲེལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

༄༅༎རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་དྲ་རྒྱའི་ཐོག་ཁ་ས་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ལ་སྐྱོན་འཛུགས་དང་འབྲེལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

སྔ་ལོ་བོད་ནང་ཞི་བའི་ངོ་རྒོལ་སྒེར་ལངས་བྱུང་བའི་སྐབས་ཉེས་འཛུགས་ཕོག་པའི་བོད་མི་བཞི་འམ་གཉིས་ལ་ཉེས་དུས་སྲོག་ཐོག་བཏང་བའི་རྒྱ་ནག་གི་བྱ་སྤྱོད་ལ་ཡོ་རོབ་ཡུལ་ཁག་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་གནང་བ་དེར་དེ་རིང་རྒྱ་ནག་གིས་ལན་འཆར་བཏོན་སྟེ་གནད་དོན་དེའི་ཐད་ཡོ་རོབ་ཡུལ་ཁག་གིས་ཐེ་བྱུས་བྱས་ན་འགྲིག་མིན་གྱི་ཉེན་བརྡ་བཏང་བཞག

རེས་གཟའ་ཕུར་བུའི་ཉིན་རྒྱལ་ཁབ་ཉི་ཤུ་རྩ་བདུན་ཟུང་འབྲེལ་གནང་བའི་ཡོ་རོབ་ཡུལ་ཁག་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ནས་བོད་མི་སྲོག་ཐོག་བཏང་བར་སྐྱོན་བརྗོད་དང་སྲོག་ཐོག་བཏང་བའི་བོད་མི་དེ་རྣམས་ལ་དྲང་བདེན་དང་ཁྲིམས་མཐུན་བདག་བཤེར་བྱ་རྒྱུའི་གོ་སྐབས་སྤྲད་མེད་སྐོར་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་གནང་བའི་རྗེས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་ཡིས་ཡོ་རོབ་ངོས་ནས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་སྤྱི་བསྒྲགས་སྤེལ་བ་དེར་རྒྱ་ནག་གིས་མོས་མཐུན་རྩ་བ་ནས་མེད་པ་དང་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་ཕྱི་འབྲེལ་ལྷན་ཁང་གི་དྲ་རྒྱའི་ཐོག་འགྲེལ་བརྗོད་བྱས་བཞག ཡང་མགྲིན་ཚབ་པ་མཱ་ཡིས་སྔ་ལོ་བོད་ནང་གི་དུས་ཟིང་དེ་བཞིན་༸གོང་ས་ཏཱ་ལའི་བླ་མའི་ཕྱོགས་རྟོགས་ཀྱིས་འཆར་འགོད་དང་གོ་སྒྲིག་བྱས་པ་ཞིག་ཡིན་སྐོར་ནན་བརྗོད་བྱས་ཏེ་བོད་མིའི་ཞི་རྒོལ་ཆེན་པོ་དེར་བོད་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པའི་དཔང་རྟགས་གང་ཡང་མེད་སྐོར་བརྗོད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པའི་ཡོ་རོབ་ཡུལ་ཁག་གི་བྱ་སྤྱོད་དེར་རྒྱ་ནག་གིས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད་སྐོར་བརྗོད་འདུག

དེ་བཞིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་དྲ་རྒྱའི་ཐོག་སྤེལ་བའི་ལན་འཆར་དེའི་ནང་རྒྱ་ནག་དང་ཡོ་རོབ་བར་འབྲེལ་བ་སྲ་བརྟན་ཡུན་གནས་ཐུབ་ཐབས་སུ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ངོས་ནས་ཕྱོགས་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་རྩི་བཀུར་བྱེད་དགོས་རྒྱུའི་རྩ་འཛིན་ལག་བསྟར་ཐོག་ནས་ཁ་བྲལ་སྟོབས་ཤུགས་ཀྱི་བོད་རང་བཙན་བྱ་རྒྱུའི་ལས་འགུལ་ལ་བརྡ་ལན་ནོར་བ་གཏོང་རྒྱུ་མིན་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་རྒྱ་ནག་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་ཉེན་བརྡ་བཏང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org