རྒྱ་ནག་གཞུང་གིས་པོའོ་ལེནདྲ་གྱི་སྲིད་འཛིན་ལ་ངོ་རྒོལ་བྱས་དོན།
རྒྱ་ནག་གཞུང་གིས་པོའོ་ལེནདྲ་གྱི་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
-
2008-12-11 -
-
-
༄༅༎པོའོ་ལེནདྲ་གྱི་སྲིད་འཛིན་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་མ་བཟོད་པར་པོའོ་ལེན་ལ་རྒྱ་ནག་ལྷན་གྱི་འབྲེལ་བར་དོ་ཕོག་འགྲོ་སྲིད་པའི་ཉེན་སྐུལ་བྱས་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོའོ་ལེནདྲ་ཡུལ་གྱི་རང་དབང་འཐབ་རྩོད་པ་དང་རྗེས་སུ་ཡུལ་གྱི་སྲིད་འཛིན་གནང་མཁན་སྲིད་འཛིན་ཟུར་པ་ལེཁ་ལྦ་ལེ་ས་ཡིས་ཁོང་ལ་དེ་སྔ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་སྟེ་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་རྟེན་འབྲེལ་གྱི་དགའ་སྟོན་ལ་སྤྱི་ནོར་༸གོང་ས་མཆོག་སྐུ་མགྲོན་དུ་གདན་ཞུ་གནང་ཡོད་པ་ལྟར་༸གོང་ས་མཆོག་གིས་མཛད་སྒོར་ཆེད་བཅར་གནང་ཡོད་པ་དང་ཁ་ས་རེས་གཟའ་ལྷག་པའི་ཉིན་པོའོ་ལེནདྲ་གྱི་སྲིད་འཛིན་ལས་ཐོག་ལེཁ་ཀ་ཛིན་སི་ཀི་ཡིས་༸གོང་ས་མཆོག་ལ་ཆེ་བསྟོད་གང་ཆེའི་ངང་མཇལ་ཁ་ཞུས་ཡོད་པར་རྒྱ་ནག་གཞུང་མ་བཟོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་ང་ཚོས་པོའོ་ལེན་གཞུང་གི་གནང་ཕྱོགས་ལ་འདོད་བློ་མེད་པའི་རྣམ་འགྱུར་དེ་ཤུགས་ཆེ་གསལ་སྟོན་བྱ་རྒྱུ་བྱུང་ལ་ང་ཚོས་པོའོ་ལེན་ལ་རྒྱ་ནག་ལྷན་གྱི་འབྲེལ་བར་གནོད་གཞིའི་ལས་དོན་དང་དམིགས་བསལ་རྒྱ་ནག་གི་རྩ་དོན་ལ་གནོད་གཞིའི་ལས་དོན་བརྩམས་རྒྱུ་མེད་པའི་སྐུལ་མ་ཞུ་རྒྱུ་བྱུང་ཞེས་གཏམ་བཤད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ད་རེས་ཕེ་རན་སི་ཡི་སྲིད་འཛིན་སར་ཀོ་ཛི་ལ་ཐོག་མར་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་བ་དང་རྗེས་སུ་སར་ཀོ་ཛི་ཡིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་དབར་གྱི་འབྲེལ་བ་དང་བྱེ་བྲག་རྒྱ་ནག་དང་ཕེ་རན་སི་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།