རྒྱ་ནག་གིས་ལུམ་རྦི་ནི་བར་ལྕགས་ལམ་འཛུགས་རྒྱུར་ཁས་ལེན།

བོད་ནས་བལ་ཡུལ་བརྒྱུད་གནས་མཆོག་ལུམ་རྦི་ནི་བར་རི་ལིའི་ལྕགས་ལམ་འཛུགས་རྒྱུར་རྒྱ་ནག་གཞུང་གི་ངོས་ནས་ཁས་ལེན་བྱས་ཡོད་པ་རེད།

༄༅༎བོད་ནས་བལ་ཡུལ་བརྒྱུད་རིམ་པས་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་སའི་གནས་མཆོག་ལུམ་རྦི་ནི་བར་རི་ལིའི་ལྕགས་ལམ་འཛུགས་རྒྱུར་བལ་ཡུལ་གཞུང་གིས་རྒྱ་ནག་གི་སྲིད་བློན་མཆོག་ལ་གཟའ་སྤེན་པའི་ཉིན་རེ་འདུན་བཏོན་པ་ལྟར་རྒྱ་ནག་གཞུང་གི་ངོས་ནས་ཁས་ལེན་བྱས་ཡོད་པ་རེད་ཅེས་ཛི་ནིའུསི་(Zee News)ཞེས་པས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནས་ཁ་ས་གནས་ཚུལ་སྤེལ་འདུག
ཁད་ཉིན་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཅཱ་པའོས་བལ་ཡུལ་དུ་འཁྱུག་ཙམ་ཕེབས་སྐབས་ཁོང་དང་བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བ་ཏ་རའེ་དང་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ ཕྱི་སྲིད་བློན་ཆེན་གཅིག་ལྕོགས་ན་ར་ཡན་ཀ་ཇི་ཤེརེསི་ཐ་རྣམ་པའི་དབར་གྲོས་མཐུན་རིམ་པ་བརྒྱད་ཙམ་ཐོག་མཚན་རྟགས་བཀོད་ཡོད་པ་རེད་ གྲོས་མཐུན་དེ་ཚོའི་གྲས་སུ་འགྲིམ་འགྲུལ་ལས་འཆར་ཡར་རྒྱས་གཏོང་རྒྱུ་སོགས་འཁོད་ཡོད་པ་གཞིར་བཟུང་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་དང་བལ་ཡུལ་གྱི་ས་མཚམས་ཁ་ས་བར་རི་ལིའི་ལྕགས་ལམ་འཛུགས་རྒྱུའི་འཆར་གཞི་དངོས་སུ་ལག་ལེན་བསྟར་མུས་ཡིན་པ་སོང་ཙང་ རི་ལིའི་ལྕགས་ལམ་དེ་བཞིན་བལ་ཡུལ་གྱི་རྒྱལ་ས་བར་བཙུགས་ཚར་རྗེས་ རིམ་པས་བལ་ཡུལ་ནང་ཁུལ་ལ་རི་ལིའི་ལམ་ཆེན་འཛུགས་ཐབས་དང་ དམིགས་སུ་བཀར་ནས་ནང་པའི་གནས་མཆོག་ལུམ་རྦི་ནི་བར་འཐུད་རོགས་བྱེད་ཅེས་རྒྱནག་གི་སྲིད་བློན་མཆོག་ལ་རེ་འདུན་བཏོན་ཡོད་པ་རེད་ རྒྱ་ནག་གི་སྲིད་བློན་མཆོག་གི་ངོས་ནས་ཀྱང་བལ་ཡུལ་གྱི་ས་མཚམས་བར་རི་ལིའི་ལྕགས་ལམ་འཛུགས་རྒྱུའི་འཆར་གཞི་གཏིང་ཚར་བ་སོང་ཙང་ བལ་ཡུལ་གཞུང་གིས་བཏོན་པའི་རེ་འདུན་ལྟར་ རི་ལིའི་ལྕགས་ལམ་དེ་བཞིན་ བལ་ཡུལ་གྱི་རྒྱལ་ས་བར་དུ་འཐུད་ཐུབ་སྲིད་པ་རེད་ལ་ དེ་རྗེས་ལུམ་རྦི་ནི་བར་འཐུད་ཐབས་ཡོང་བའི་བལ་ཡུལ་གྱིས་བཏོན་པའི་གནད་དོན་དེར་ཡང་དགོངས་བཞེད་ཟབ་ནན་གནང་གི་ཡིན་ཞེས་ལྦེན་ཅཱ་པའོས་ཞལ་བཞེས་གནང་བྱུང་ཞེས་བལ་ཡུལ་གྱི་སྲིད་བློན་གཞོན་པས་ལུང་འདྲེན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org