རང་ལུས་མེ་སྲེག་གི་ངོ་རྒོལ་རྒྱ་ནག་གི་སྲུད་ཇུས་ལ་ཐུག་ཡོད།

བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་ནི་རྒྱ་ནག་གི་གདུག་རྩུབ་དྲག་གནོན་ཁོ་ནའི་སྲིད་བྱུས་ལ་མཐའ་ཟད་ཀྱི་ངོ་རྒོལ་མཚོན།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་ནི་རྒྱ་ནག་གི་གདུག་རྩུབ་དྲག་གནོན་ཁོ་ནའི་སྲིད་བྱུས་ལ་མཐའ་ཟད་ཀྱི་ངོ་རྒོལ་གྱི་མཚོན་རྟགས་ཤིག་ཡིན་པ་དང་། དེ་དག་གི་རྩ་བ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐུག་པ་ཞིག་ཡིན་སྐོར་བཀའ་སྩལ་གནང་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་དུ་༸ཞབས་སོར་འཁོད་མ་ཐག་གསར་འགོད་པ་ཚོར་མཇལ་མོལ་གནང་བའི་སྐབས། གསར་འགོད་པས་དེང་སྐབས་བོད་ནང་གཞོན་སྐྱེས་སེར་སྐྱ་བཅུ་ཙམ་གྱི་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པའི་སྐོར་བཀའ་དྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ནི་རྒྱ་ནག་གཞུང་གིས་ནོར་འཁྲུལ་དང་ཡ་ང་སྙིང་རྗེ་མེད་པའི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་།རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མཁེ་ཕན་གཅིག་པོ་སྒྲུབ་རྒྱུ་ཁོ་ན་ལས་དངོས་ཡོད་གནས་སྟངས་དང་མཐུན་པའི་སྲིད་བྱུས་ཞིག་ལག་ལེན་བསྟར་གྱི་མེད་པ་རེད། བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གྱི་རྒྱུ་རྐྱེན་དངོས་མ་ག་རེ་ཡིན་མིན་རྟགས་དཔྱད་ཞིབ་འཇུག་བྱེད་དགོས་ལུགས་བཀའ་གནང་འདུག དེ་བཞིན་གསར་འགོད་པས་རྒྱ་ནག་ནང་ཕྱི་ལོ་༢༠༡༢ ལོར་རྒྱ་ནག་གི་དཔོན་རིགས་བརྗེ་པོ་རྒྱབ་པའི་རྗེས་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་ལྡོག་འགྲོ་མིན་སྐོར་བཀའ་དྲི་ཞུས་པར་། ༸གོང་ས་མཆོག་ནས།དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་རྒྱ་ནག་གི་ དབང་ཆ་རྩིས་ལེན་བྱེད་པའི་སྐབས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཞིག་ཡོང་རྒྱུའི་རེ་བ་བྱས་ཡོད།ཁོང་གིས་དབང་འཛིན་ཐོག་མར་བྱས་པའི་སྐབས་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་འབོད་ཚིག་བཏོན་པར་རྒྱབ་སྐྱོར་ཐ་གཅིག་ཏུ་ནས་བྱས་པ་ཡིན། ཡིན་ནའང་འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་མ་བྱུང་བར་ཉིས་སྟོང་བརྒྱད་དང་།དགུ བཅུ་བཅིག་སོ་སོའི་ནང་བོད་དང་།ཤིན་ཅང་། ནང་སྲོག་སོགས་ནང་ངོ་རྒོལ་གྱི་དོན་རྐྱེན་རིམ་པ་བྱུང་ཡོད་པས་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་འབོད་ཚིག་དེ་ཡག་པོ་རེད། ཡིན་ནའང་ཐབས་ལམ་ལག་བསྟར་བྱེད་མཁན་ཚོས་ནོར་འཁྲུལ་འཛིན་གྱི་ཡོད་པ་རེད་ཅེས་བཀའ་སྩལ་འདུག ད་རེས་༸གོང་ས་མཆོག་ཉི་ཧོང་གིས་ཀོ་ཡ་སན་སློབ་གྲ་ཆེན་མོ་བཙུགས་ནས་ལོ་ངོ་༡༢༥ཕྱིན་པའི་དུས་དྲན་གྱི་འབྲེལ་མཛད་སྒོར་གདན་ཞུ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དང་།ཕེབས་དོནགཙོ་བོ་ཉི་ཧོང་ནང་ད་ལོ་ཕྱི་ཟླ་གསུམ་པའི་ནང་ས་ཡོམ་གི་གནོད་འཚེ་ཚབས་ཆེ་ཕོག་ཡོད་སའི་ས་གནས་མང་ཚོགས་ཀྱི་གནས་སྟངས་གཟིགས་ཞིབ་དང་དཀའ་ངལ་ནང་འཕྲད་པ་ཚོར་མཇལ་འཕྲད་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org