རྒྱ་ནག་རྒྱལ་ཁབ་དུས་ཆེན་ལ་རྒྱས་སྤྲོས་ཆེན་པོ་མི་བྱེད་རྒྱུའི་སྐོར།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་གྱི་བྱེད་སྒོ་རྒྱས་སྤྲོས་ཆེན་པོ་བྱ་རྒྱུ་མིན་པའི་འཆར་གཞི་ཡོད་པ།
-
2009-01-06 -
-
-
༄༅༎དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་དུ་ཕྱིན་པར་བརྟེན་ནས་རྒྱ་ནག་ནང་ལའང་དཔལ་འབྱོར་གྱི་གནས་སྟངས་དཀའ་ཚེགས་ཅན་ཏུ་གྱུར་བའི་སྐབས་དེར་རྒྱ་ནག་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་གྱི་བྱེད་སྒོའི་གྲ་སྒྲིག་རྒྱས་སྤྲོས་ཆེན་པོ་བྱ་རྒྱུ་མིན་པའི་འཆར་གཞི་ཡོད་པའི་སྐོར་ལ་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནང་གི་མི་དམངས་ཚོས་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་རྒྱལ་དོན་དུས་ཆེན་གྱི་བྱེད་སྒོ་གྲ་སྒྲིག་བྱ་རྒྱུ་ནི་དངུལ་འཕྲོག་ལྷག་ཡིན་པའི་བསམ་བློ་གཏོང་གི་ཡོད་པའི་སྐོར་ཤིང་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་ཅིང་ཉེ་ཆར་ཡང་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ལ་ཕྱི་ཟླ་བཅུ་པའི་ཚེས་གཅིག་རྒྱལ་དོན་དུས་ཆེན་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་རུ་སྒྲིག་གི་བྱེད་སྒོ་སྤེལ་སྲོལ་ཡོད་པ་ནས་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་མཐོ་རིམ་སློབ་གྲྭའི་སློབ་དཔོན་ཧྲི་དབྱིན་ཧོང་ཡིས་རྒྱ་ནག་གཞུང་གིས་ལོ་བཅུ་རེའི་ཐོག་རྒྱལ་དོན་དུས་ཆེན་གྱི་བྱེད་སྒོའི་ནང་དམག་མིའི་རུ་སྒྲིག་བྱེད་པ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དམག་དོན་ཡར་རྒྱས་མཚོན་པའི་གལ་ཆེའི་བྱེད་སྒོ་ཞིག་ཡིན་པ་དང་ཡིན་ནའང་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་ཕྱིན་པའི་སྐབས་དེར་དཔལ་འབྱོར་ཐོག་ལ་བསམ་བློ་གཏོང་དགོས་གལ་ཡང་ཡིན་པ་རེད་ཅེས་བཤད་ཡོད་པ་རེད། རྒྱ་ནག་གི་ཕྱོགས་ནས་ཐོག་མར་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་སྐབས་དེར་རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐུབ་རྒྱུའི་རེ་བ་བྱས་ཡོད་ཀྱང་ཉེ་བའི་དུས་ཚོད་ནང་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དཀའ་ཚེགས་ཆེ་རུ་ཕྱིན་ཏེ་གཙོ་བོ་ཆེ་ཤོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ནི་ཕྱིའི་རྒྱལ་ཁབ་ཏུ་དངོས་ཟོག་ཕྱིན་ཚོང་བྱ་གཞག་ལ་བརྟེན་ནས་ཡོད་པར་བརྟེན་དེང་སྐབས་ཕྱིའི་རྒྱལ་ཁབ་ནས་རྒྱ་ནག་གི་དངོས་ཟོག་མངགས་ཉོ་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་རེད།