རྒྱ་གཞུང་གིས་དགོན་སྡེར་རྡུང་རྡེག་བྱེད་རྒྱུའི་གསལ་བསྒྲགས།

བོད་ཀྱི་ཁམས་དཀར་མཛེས་མངའ་ཁུལ་གྱི་དགོན་སྡེ་ཁག་ནང་རྒྱ་གཞུང་གིས་རྡུང་རྡེག་ཚ་ནན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་

༄༅༎བོད་ཀྱི་ཁམས་དཀར་མཛེས་མངའ་ཁུལ་གྱི་དགོན་སྡེ་ཁག་ནང་རྒྱ་གཞུང་གིས་རྡུང་རྡེག་ཚ་ནན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་

ཁམས་དཀར་མཛེས་མངའ་ཁུལ་གྱི་གུང་བྲན་ཏང་གི་འགོ་འཁྲིད་ ལི་ཀྲང་ཕིང་ ཟེར་བས་གཞུང་འབྲེལ་ཐག་གཅོད་ཀྱི་བཀའ་རྒྱ་ཞིག་ཕྱི་བསྒྲགས་བྱས་པའི་ནང་དཀར་མཛེས་མངའ་ཁུལ་གྱི་དགོན་སྡེ་ཁག་དང་དགེ་འདུན་པ་རྣམས་ཀྱིས་ཁ་བྲལ་གྱི་ཡིག་ཆ་དང་བརྗོད་ཚིག་སྒྲོག་པ་དང་བོད་ཀྱི་རྒྱལ་དར་འཕྱར་བ་དང་དེ་བཞིན་ཁྲིམས་འགལ་ཐོག་ཁ་བྲལ་གྱི་ལས་འགུལ་ཁྲོམ་བསྐོར་ནང་ཞུགས་ན་ཉེས་ཆད་ཤུགས་ཆེ་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་

རྒྱ་གཞུང་གི་ཕྱི་བསྒྲགས་དེའི་ནང་དགེ་འདུན་པ་སྤྱོད་པ་འཁྱེར་ཆོག་ཐོག་དཀའ་ངལ་ཡོད་པ་ཞེས་པ་དང་ རྒྱ་གཞུང་གི་ལངས་ཕྱོགས་དང་འགལ་བའི་ལྟ་ཚུལ་ཟིན་མཁན་རྣམས་ཡང་ན་དགོན་པ་ནས་ཕྱིར་འབུད་དང་དེ་མིན་བཙོན་བཅུག་གི་ཉེས་ཆད་ཕོག་རྒྱུ་ཡིན་སྐོར་བཀའ་རྒྱ་དེའི་ནང་བཀོད་ཡོད་པ་རེད་ དགོན་སྡེ་ཁག་གི་མཁན་པོ་དང་ལས་སྣེ་རྣམས་ཀྱིས་རྒྱ་གཞུང་གི་བཀོད་འདོམས་ཁག་དང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ཁག་ལག་བསྟར་མ་གནང་ཚེ་གཞུང་ཕྱོགས་ཀྱི་གནས་སྣེ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་སོགས་ཀྱི་བཀོད་རྒྱ་བཏང་ཡོད་པ་རེད་ དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་བཙན་ལས་འགུལ་ཚོགས་པའི་འགན་འཛིན་ སི་ཀྲེ་ཕེ་ནི་སྦིརིག་ཌེན་ ཡིས་དབྱིན་ཇིའི་སྲིད་བློན་ གོར་ཌེན་སྦ་རའོན་ མཆོག་ལ་ཕྱག་བྲིས་ཤིག་ཕུལ་ནས་རྒྱ་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡིན་ཞེས་གསུང་འདུག ཁོང་གིས་རྒྱ་གཞུང་གི་ད་ལྟའི་བྱ་སྤྱོད་དེ་དག་ནི་བོད་མིའི་ཐོག་དྲག་གནོན་འཕར་མ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་དང་ བྱ་སྤྱོད་དེ་དག་གི་ཐོག་ནས་རྒྱ་གཞུང་གིས་ལོ་བཅུ་ཕྲག་འགའ་ཤས་ནང་བོད་ཀྱི་ཆོས་ཐོག་དྲག་གནོན་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་ཅེས་གསུང་ནས་སྐྱོན་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org