རྒྱལ་སྤྱིའི་བུད་མེད་དྲྭ་སྤོལ་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱི་རྩེད་འགྲན་རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པ།
རྒྱ་ནག་གི་དྲྭ་སྤོལ་རྩེད་འགྲན་མ་གྲགས་ཅན་ཕུན་ཧྲའེ་ཡི་གནས་སྟངས་ཁ་གསལ་མ་བྱུང་ཚེ་རྒྱལ་སྤྱིའི་བུད་མེད་དྲྭ་སྤོལ་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱི་རྩེད་འགྲན་རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པ་རེད་འདུག
- 2021-11-19
-
-
-
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་པ་གྲགས་ཅན་(Peng Shuai)་ཡིས། ཉེ་ལམ་སྤྱི་ཟླ་༡༡་ཚེས་༢་ཉིན་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་(Weibo)་ཐོག་ཡིག་འབྲུ་༡༧༠༠་ཙམ་ཡོད་པའི་གནས་ཚུལ་ཞིག་སྤེལ་ནས། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་(Zhang Gaoli)་ཡིས། དེ་སྔ་ཁོང་ལས་ཐོག་སྲིད་བློན་གཞོན་པ་ཡིན་པའི་སྐབས་སུ་ཁོ་མོར་བཙན་གཡེམ་བྱས་ཡོད་པ་དང་། དེའི་རྗེས་ཁོ་མོ་ཁོའི་མཛའ་མོ་བྱེད་དུ་བཅུག་ཡོད་པ་སོགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་རྗེས། རིང་བོ་མ་སོང་བར་ཝེ་པོ་(Weibo)་དྲ་ལམ་གྱི་གནས་ཚུལ་དེ་ནག་སུབ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གནས་ཚུལ་དེའི་སྐོར་གླེང་སློང་མི་ཆོག་པའི་དམ་དྲག་དང་དེ་འབྲེལ་གྱི་གནས་ཚུལ་ཚང་མ་བཀག་སྡོམ་བྱས་ཡོད་པ་དང་། ད་ཆ་ཁོ་མོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཡིན་ན་ཡང་དེའི་ཐད་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ཀྲང་ཀའོ་ལི་དང་རྒྱ་ནག་གཞུང་གཉིས་ཀས་ལན་འདེབས་གང་ཡང་བྱས་མེད་པ་རེད། རྩེད་འགྲན་པ་(Peng Shuai)་ནི་རྒྱལ་སྤྱིའི་ཁྲོད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་པ་གྲགས་ཅན་ཞིག་ཡིན་པ་རེད།
ད་ཆ་གནས་ཚུལ་དེའི་ཐད་བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མཐུན་ཚོགས་གཙོས་རྩེད་འགྲན་པ་ཚོས་ཁོ་མོའི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་དོ་སྣང་ཅན་ཚོས་ཁོང་མོའི་སྐོར་ལ་ཤུགས་ཆེན་གླེང་བཞིན་འདུག
བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱིས་གནད་དོན་དེའི་ཐད་བརྟག་དཔྱད་ཁ་གསལ་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་འཛམ་གླིང་ནང་གྲགས་ཆེ་བའི་བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མ་མང་པོས་(twitter)་སོགས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་རྩེད་འགྲན་མ་(Peng Shuai)་གང་དུ་ཡོད་མེད་སོགས་ཀྱི་སྐོར་ལ་གླེང་སློང་བྱེད་བཞིན་འདུག
རྒྱལ་སྤྱིའི་བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱི་འགན་འཛིན་གྱིས་གཟའ་ཕུར་བུའི་ཉིན་གསར་འགྱུར་རྒྱུད་ལམ་ཁག་གི་དྲི་བར་ལན་འདེབས་གནང་བའི་སྐབས། རྒྱ་ནག་གཞུང་གི་ངོས་ནས་ཁོང་མོའི་གནས་སྟངས་ཁ་གསལ་མ་བཟོས་ཚེ་ཨ་སྒོར་ས་ཡ་མང་པོའི་རིན་བབ་ཡོད་པའི་འགྲན་བསྡུར་དེ་བཞིན་རྒྱ་ནག་ནང་སྤེལ་རྒྱུ་ཕྱིར་འཐེན་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད། གནད་དོན་དེ་ནི་ཚོང་ལས་གལ་འགངས་ཆེ་བ་ཞིག་ཡིན། བེུད་ལ་བརྩི་བཀུར་ཞུ་དགོས་པ་ལས་དེ་འབྲེལ་གྱི་གནས་ཚུལ་བཀག་སྡོམ་བྱེད་མི་འོས་ཅེས་གསུངས་འདུག
ད་རེས་ཀྱི་གནས་ཚུལ་འདི་ནི་བུད་མེད་ལ་བརྙས་བཅོས་བྱེད་མཁན་ལ་ངོ་རྒོལ་བྱེད་པའི་(Me Too)་ཞེས་ང་ལ་ཡང་དཀའ་ངལ་འཕྲད་ཡོད་ཅེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་དེ་རྒྱ་ནག་གི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ནང་སླེབས་པ་ཐེངས་དང་པོ་དེ་ཡིན་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Zhao Lijian)་ལ་དེའི་སྐོར་གསར་འགོད་པས་འདྲི་རྩད་བྱས་པའི་སྐབས། ཁོང་གིས་གནད་དོན་དེའི་སྐོར་གང་ཡང་ཤེས་མ་བྱུང་ཟེར་བ་དང་། ཡང་དྲི་བ་དེ་ཕྱི་འབྲེལ་དང་འབྲེལ་བ་མི་འདུག་ཅེས་བཤད་ནས་ཡ་ལན་སྤྲད་མི་འདུག
རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་(Zhang Gaoli)་ནི་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གི་ཁྱིམ་རྒྱུད་དང་འབྲེལ་བ་ཉེ་པོ་ཡོད་པ་རེད།
རྒྱལ་སྤྱིའི་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་པ་གྲགས་ཅན་(Chris Evert)་ཡིས་སྤྱི་ཚོགས་དྲ་ལམ་བརྒྱུད་(Peng Shuai)་ག་པར་ཡོད་ཞེས་བའི་ལས་འགུལ་སྤེལ་ནས་ད་ལྟའི་གནས་སྟངས་དེ་བློས་མི་བཟོད་པ་ཞིག་འདུག་ཅེས་དང་། ཁོང་གིས་རྩེད་འགྲན་མ་(Peng Shuai)་ལོ་ན་༡༤་སྐབས་ནས་ངོ་ཤེས། ཁོང་ལ་འཕྲད་པའི་དཀའ་ངལ་དེ་ཚབས་ཆེན་པོ་ཞིག་རེད། ད་ལྟ་ཁོང་ག་པར་ཡོད་དམ། ཁོང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་ཡོད་རེད་དམ་ཞེས་རྩད་གཅོད་ལས་འགུལ་སྤེལ་བཞིན་པ་རེད།
འདས་པའི་ལོ་ངོ་བཅུ་ཙམ་རིང་རྒྱལ་སྤྱིའི་བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱིས་རྒྱ་ནག་ནང་རྩེད་འགྲན་ཐེངས་མང་སྤེལ་ཡོད་པ་དང་། ཕྱི་ལོ་༢༠༡༩་ལོར་རྒྱ་ནག་ནང་བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་ཐེངས་དགུ་ཙམ་སྤེལ་ནས་ཁྱོན་དཔེ་བཟང་གི་མ་དངུལ་སྡོམ་འབོར་ཨ་སྒོར་ས་ཡ་༡༤་ཙམ་བཏང་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།