རྒྱ་ནག་གཞུང་གིས་བོད་ལ་མུ་མཐུད་དམ་བསྒྲཌ
རྒྱ་ནག་གི་གསར་ཤོག་གཅིག་ནང་༸གོང་ས་མཆོག་ནས་རྒྱ་གཞུང་དང་གྲོས་མོལ་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་གནང་གི་མེད་ལུགས་བཀོད།
-
2011-07-26 -
-
-
༄༅༎གཟའ་མིག་དམར་ཉིན་གྱི་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་གི་ནང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་དང་གྲོས་མོལ་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་གནང་གི་མེད་ལུགས་དང་ རྒྱ་ནག་གཞུང་ཕྱོགས་ནས་འགྲིག་འཇགས་གང་ཡང་བྱ་རྒྱུ་མིན་ལུགས་སོགས་ཀྱི་དྲིལ་བསྒྲགས་ཀྱི་གནས་ཚུལ་ཞིག་བཀོད་སྤེལ་བྱས་འདུག།
གནད་དོན་དབྱེ་ཞིབ་པ་ཚོས་ རྒྱ་ནག་གི་འགོ་འཁྲིད་བརྗེ་བསྒྱུར་དང་ དེ་བཞིན་ཉེ་ཆར་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་དྲུག་བཅུ་འཁོར་བ་ཟེར་བའི་དུས་ཚིགས་སྲུང་བརྩི་བྱས་པ་སོགས་དང་བསྟུན་ཏེ་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་བྱུས་མཁྲེགས་སུ་་གཏོང་བཞིན་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་ཅིང༌། དཔེར་ན་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་གཞོན་པ་སྟེ་ ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་སྲིད་འཛིན་དུ་འདེམས་བསྐོ་བྱེད་རྒྱུ་ཧ་ལམ་ངེས་པ་ ཞི་ཇིན་པིང་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཏམ་བཤད་ཅིག་བྱེད་སྐབས་རྒྱ་ནག་གིས་བོད་ཐོག་མུ་འཐུད་དམ་བསྒྲཌ་ཀྱི་་སྲིད་བྱུས་ཡོངས་སུ་བཟུང་རྒྱུའི་རྣམ་འགྱུར་གསལ་པོར་བསྟན་ཡོད་པ་རེད།
རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་གི་ནང་ ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་ཞབས་སོར་འཁོད་སྐབས་གསུངས་པའི་བཀའ་མོལ་ལུང་འདྲེན་ཞུས་ཏེ་ ཏཱ་ལའི་བླ་མའི་ལངས་ཕྱོགས་ནི་དབུས་གཞུང་གི་ལངས་ཕྱོགས་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་ཉེ་ཆར་གྱི་གཏམ་བཤད་ཁག་ནས་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན་པ་རེད་ཅེས་དང་ ད་དུང་རྒྱ་ནག་གི་མི་དམངས་ཉིན་རེའི་གསར་ཤོག་དེའི་ནང་ ཏཱ་ལའི་བླ་མར་དབུས་གཞུང་དང་གྲོས་མོལ་བྱ་རྒྱུར་ཁ་ཞེ་གཉིས་མེད་ཀྱི་འདུན་པ་མེད་ལ་ དེར་དོན་གཉེར་ཡང་མེད་པ་མ་ཟད་ གྲོས་མོལ་གྱི་འགྲོ་ལམ་ཡོངས་སུ་བཀག་ཟིན་པ་རེད་ཅེས་བརྗོད་འདུག།
རྒྱ་ནག་གཞུང་གིས་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་ བྷ་རཀ་ཨོ་བྷཱ་མ་རྣམ་གཉིས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་པར་སྐྱོན་བརྗོད་ཆེན་པོ་བྱས་ཅིང་ རྒྱ་ནག་གིས་བོད་ཀྱི་གནད་དོན་འདི་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་འབའ་ཞིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
ལྷག་པར་དུ་རྒྱ་ནག་གཞུང་གིས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་གནད་དོན་ལས་ བོད་རྒྱའི་དཀའ་རྙོག་གི་གནད་དོན་ཟེར་བ་ཞིག་མེད་པ་བརྗོད་བཞིན་ཡོད་ཀྱང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་རང་དབང་གི་འཐབ་རྩོད་འདི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་ལས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་གནད་དོན་དང་རྩ་བ་ནས་འབྲེལ་བ་མེད་པ་ཡང་ནས་ཡང་དུ་བཀའ་གནང་པར་མ་ཟད་ བོད་རྒྱ་འབྲེལ་མོལ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་གནད་དོན་སྐོར་རྩ་བ་ནས་གླེང་སློང་མི་དགོས་པའི་ལམ་སྟོན་བཀའ་སློབ་གསལ་པོར་གནང་བཞིན་ཡོད་པ་རེད།