རྒྱ་ནག་ཏུ་གློག་གི་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བྱ་ཐབས།

རྒྱ་ནག་གཞུང་གིས་ཕུགས་སུ་ཕན་ནུས་སྐྲུན་ཐུབ་པའི་གློག་གི་ནུས་ཤུགས་ལས་དོན་འཕེལ་རྒྱས་གཏོང་གི་ཡོད་པའི་སྐོར་གནས་ཚུལ་འདུག

༄༅༎རྒྱ་ནག་གཞུང་གིས་གལ་ཆེའི་འཕྲུལ་རིག་གི་ལག་རྩལ་གོང་འཕེལ་བཏང་སྟེ་ཕུགས་སུ་ཕན་ནུས་སྐྲུན་ཐུབ་པའི་གློག་གི་ནུས་ཤུགས་ལས་དོན་འཕེལ་རྒྱས་གཏོང་གི་ཡོད་པའི་སྐོར་གནས་ཚུལ་དབྱེ་ཞིབ་པ་ཚོས་གསུང་ཡོད་པ་རེད།

དེ་ཡང་རྒྱ་ནག་རྒྱལ་ཡོངས་རྡུལ་ཕྲན་ལས་ཁང་གིས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་ཚོས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་སྙིགས་རོ་རྣམས་ལས་སྣོན་བྱས་ཏེ་གློག་གི་ནུས་ཤུགས་ལ་ཕན་པའི་གསར་གཏོད་ཀྱི་ལས་དོན་ལམ་ལྷོང་བྱུང་བའི་གནས་ཚུལ་སྐོར་བཤད་ཡོད་ཅིང༌། འོན་ཀྱང་གནས་ཚུལ་དབྱེ་ཞིབ་པས། རྒྱ་ནག་གི་ནུབ་བྱང་གི་ས་མཐར་ཡོད་པའི་རྡུལ་ཕྲན་གྱི་སྙིགས་རོ་རྣམས་གློག་གི་ནུས་ཤུགས་ལ་ཕན་པའི་ལས་སྣོན་བྱེད་ཡུལ་གྱི་བཟོ་གྲ་དེ་ནི། ཕལ་ཆེར་རྒྱ་ནག་གི་གློག་མཁོ་འདོན་གྱི་ཆེད་དུ་ནུས་ཤུགས་མཁོ་ན་བཟོ་སྐྲུན་བྱེད་ཡུལ་ཞིག་མ་ཡིན་པར་རྡུལ་ཕྲན་སོགས་རྣམ་གྲངས་མི་འདྲ་བ་བཟོ་སྐྲུན་བྱེད་ཡུལ་ལྟེ་གནས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཤིའ་མེན་གཙུག་ལག་སློབ་གྲའི་རྒྱ་ནག་གི་ནུས་ཤུགས་ཞིབ་འཇུག་ལྟི་གནས་ཁང་གི་འགན་འཛིན་ལིན་ཕོ་ཆིའང་གིས། གང་ལྟར་རྒྱ་ནག་རྒྱལ་ཡོངས་རྡུལ་ཕྲན་ལས་ཁང་གིས་བྱེད་བཞིན་པའི་ཡར་རྒྱས་ཀྱི་ལས་དོན་དེ་ནི། རྒྱ་ནག་ནང་གི་རྡུལ་ཕྲན་བཟོ་གྲ་ཚོས་རྡོ་སོལ་སོགས་དུག་རླངས་ཆེ་བའི་བཅོས་མའི་རྒྱུ་ཆ་བེད་སྤྱོད་གཏོང་བཞིན་པའི་དཀའ་ངལ་སེལ་ཐབས་ལ་ཕན་ཐོགས་ཡོང་རྒྱུའི་གལ་འགངས་ཆེ་བའི་ཡར་རྒྱས་ཤིག་ཡིན་པ་བཤད་ཡོད་པ་དང༌། རྒྱ་ནག་རྒྱལ་ཡོངས་ནུས་ཤུགས་ལས་ཁང་གི་སྤྱི་ཁྱབ་འཛིན་སྐྱོང་པ་སུན་ཆིན་གྱིས། རྒྱ་ནག་གི་ངོས་ནས་རྒྱལ་ཁབ་མང་པོ་ཞིག་དང་མཉམ་ལས་བྱས་ཏེ། རྡུལ་ཕྲན་གྱི་སྙིགས་རོ་རྣམས་བསྐྱར་དུ་བེད་སྤྱོད་ཡོད་པའི་གློག་གི་ནུས་ཤུགས་ལ་ཕན་པའི་གསར་གཏོད་ཀྱི་ལས་དོན་དེའི་གྲུབ་འབྲས་བྱུང་བ་ཡིན་པ་དང༌། ལས་དོན་དེའི་ནང་དུ་ཕེ་རན་སི་དང༌། ར་ཤི་ཡ་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་མཉམ་ལས་གནང་གི་ཡོད་པའི་སྐོར་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org