དྲ་ལམ་སྟངས་འཛིན་གྱི་ཁྲིམས་ཀྱིས་བོད་མིར་ཤུཊ་རྐྱེན་ཐེབས་སྲིད།
རྒྱ་ནག་གཞུང་གི་དྲ་ལམ་སྟངས་འཛིན་གྱི་ཁྲིམས་གསར་བས་བོད་མིས་ཕྱི་ལ་འབྲེལ་བ་བྱེད་ཕྱོགས་ཀྱི་རང་དབང་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད།
-
2016-11-15 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་དྲ་ལམ་སྟངས་འཛིན་གྱི་བཅའ་ཁྲིམས་གསར་པ་བཟོས་ཡོད་པ་དེས་བོད་ནས་ཕྱི་ཕྱོགས་སུ་འབྲེལ་ལམ་བྱ་ཕྱོགས་ཀྱི་རང་དབང་ལ་དམ་དྲག་གི་ཤུགས་རྐྱེན་ཐེབས་སྲིད་པ་རེད།
དེ་ཡང་བོད་ཀྱི་ཕོ་ཉ་ཞེས་པའི་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ཕྱི་ཚེས་༧་ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནས། སྤྱི་མང་བདེ་འཇགས་སྲུང་སྐྱོབ་ཅེས་པའི་དྲ་ལམ་སྟངས་འཛིན་གྱི་ཁྲིམས་ཡིག་གསར་བ་ཞིག་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་ཡིག་དེས་རྒྱལ་ནང་བདེ་འཇགས་ལ་ཁ་གཡར་ཏེ་སྤྱི་ཚོགས་བརྒྱུད་ལམ་དང་། རང་དབང་ཁེ་ལས་སྒྲིག་འཛུགས་ཁག་ལ་སྟངས་འཛིན་སྔར་ལྷག་བྱ་རྒྱུ་མ་ཟད། རྒྱལ་ནང་བདེ་འཇགས་སླད་ཚོང་དོན་ཁེ་ལས་དང་ཚོགས་པ་སྒྲིག་འཛུགས་བཅས་ནས་གཞུང་ཕྱོགས་ཀྱི་ཞིབ་བཤེར་ལས་དོན་ནང་དྲ་ལམ་དང་འབྲེལ་བའི་གསང་གནས་མཁོ་སྤྲོད་བྱ་དགོས་པ་གསལ་ཡོད་པ་རེད། དམིགས་དཀར་དྲ་ལམ་སྟངས་འཛིན་གྱི་ཁྲིམས་ཡིག་གསར་བ་དེ་བརྒྱུད་གུང་ཁྲན་ཏང་དང་། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་སྣང་མེད་བཏང་སྟེ་ཁྲིམས་འགལ་གྱི་ཉེས་དོན་བཟོ་བ་དང་། འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བ། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བ། དེ་བཞིན་ གཞུང་མགོ་རྟིང་སློག་པ་སོགས་འགོག་སྲུང་བྱེད་ཐབས་ཤིག་ཡིན་ལུགས་བརྗོད་ཡོད་སྟབས་ ཁྲིམས་ཡིག་དེའི་འོག་བོད་དང་བོད་མི་ལྟ་བུའི་གྲངས་ཉུང་མི་རིགས་ལ་ཉེན་ཚབས་ཤིན་ཏུ་ཆེན་པོ་བཟོ་སྲིད་པ་ཡིན་འདུག
ཨ་རིའི་ནང་རྟེན་གཞི་བྱེད་པའི་GreatFire་ཞེས་རྒྱ་ནག་ནང་དྲ་ལམ་གྱི་བདེ་འཇགས་ཐད་ཞིབ་འཇུག་ལྟེ་གནས་ཁང་གི་སྐུ་ཞབས་Charlie Smith་ཞུ་བས་གསུངས་ན། རྒྱ་ནག་གཞུང་ནས་དྲ་ལམ་སྟངས་འཛིན་གྱི་ཁྲིམས་ཡིག་དེའི་འོག་འཇིགས་སྐུལ་དྲག་སྤྱོད་ལ་ཁ་གཏད་གཅོག་རྒྱུའི་མིང་ཐོག་ནས་རང་སྣང་གང་དྲན་གྱི་དམ་དྲག་ལག་བསྟར་བྱ་རྒྱུའི་ཐོབ་ཐང་ལེན་ཡོད་པ་རེད། རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ཀྱི་ཐ་སྙད་ལ་གོ་བ་སྣ་ཚོགས་སྤྲད་ཀྱི་ཡོད་སྟབས་བོད་ནང་ཞི་རྒོལ་ལ་སོགས་པའི་དོན་རྐྱེན་ལ་དྲག་སྤྱོད་པའི་གོ་དོན་གཅིག་མཚུངས་སྤྲད་དེ་ཁྲིམས་ཡིག་དེའི་བརྒྱུད་བོད་མི་དང་བོད་ཀྱི་གནས་སྟངས་ཇི་ཆགས་ལ་འཛམ་གླིང་ཡོངས་ཀྱི་བློ་ཚབས་སྐྱེ་གཞི་ཆགས་ཡོད་པ་གསལ་འདོན་གནང་འདུག
སྐུ་ཞབས་Charlie Smith་ཡིས་མུ་མཐུད་གསུངས་པར། རྒྱ་ནག་གཞུང་གིས་དྲ་ལམ་སྟངས་འཛིན་གྱི་ཁྲིམས་ཡིག་གྱི་གོ་དོན་ལ་འགྲེལ་བཤད་རྒྱབ་ཕྱོགས་ཐོག་ནས་བོད་ནང་རྒྱ་ནག་གཞུང་དང་རྒྱབ་འགལ་གྱི་བསམ་ཚུལ་ཁྱེར་མཁན་རིགས་ལ་དྲག་གནོན་རྒྱ་ཆེར་འགྲོ་རྒྱུ་མ་ཟད། བོད་མིའི་ཆོས་དང་རིགས་གཞུང་ངོ་བོ་སྲུང་སྐྱོབས་བཅས་སྨྲ་བརྗོད་ཀྱི་རང་དབང་ལ་དམ་དྲག་སྔར་ལྷག་གཏོང་རྒྱུའི་གནས་སྟངས་ཆགས་ངེས་ཡིན་པ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།