གནད་དོན་དབྱེ་ཞིབ་པས་རྒྱ་ནག་གི་དམག་དོན་སྐོར་གསུངས་བ།

རྒྱ་ནག་གིས་དམག་དོན་གྱི་སྟོབས་ཤུགས་ཨ་རི་དང་ཁ་གཏད་ཐུབ་པའི་དམིགས་ཡུལ་འཛིན་གྱི་ཡོད་པ་གནད་དོན་དབྱེ་ཞིབ་པས་གསུངས་འདུག

༄༅༎རྒྱ་ནག་དམག་དཔུང་གིས་དམག་དོན་ལག་རྩལ་དེང་རབས་ཅན་དུ་འགྱུར་ཐབས་ཐོག་འབད་རྩོན་བྱས་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གིས་དམག་དོན་གྱི་སྟོབས་ཤུགས་ཨ་རི་དང་ཁ་གཏད་ཐུབ་པའི་དམིགས་ཡུལ་འཛིན་གྱི་ཡོད་པ་གནད་དོན་དབྱེ་ཞིབ་པས་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་གོང་ཙམ་དང་དེ་བཞིན་ཨ་རིའི་སྲུང་སྐྱོབ་བློན་ཆེན་རོ་སྦཏ་གེཏ་སི་གཟའ་འཁོར་འདིའི་ནང་རྒྱ་ནག་དུ་དམག་དོན་འཚམས་གཟིགས་སུ་མ་ཕེབས་སྔོན་ཙམ་དུ་རྒྱ་ནག་གིས་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་མཁའ་དབྱིངས་སུ་ཡིབ་ཐུབ་པའི་དམག་གི་གནམ་གྲུ་ཐོག་མ་དེ་ཚོད་ལྟ་བྱས་ཡོད་པ་དང་ རྒྱ་ནག་གི་བྱ་སྤྱོད་དེར་དམག་དོན་ཐོག་གི་ཉམས་ཞིབ་པ་མང་པོ་ཧང་སང་དགོས་པའི་བསམ་ཚུལ་བྱུང་ཡོད་ཅིང་ ཐེ་དབན་གྱི་རྒྱ་ནག་མི་མང་བཅིངས་འགྲོལ་དམག་དཔུང་ཐོག་ཉམས་ཞིབ་བྱེད་མཁན་གྱི་དམག་དོན་ཉམས་ཞིབ་པ་ཨའར་ཐར་ཌིང་གིས་གསུངས་ན་ རྒྱ་ནག་གཞུང་གིས་མཁའ་དབྱིངས་སུ་ཡིབ་ཐུབ་པའི་དམག་གི་གནམ་གྲུར་ཚོད་ལྟ་བྱེད་པའི་ཐབས་ལམ་དེ་རིགས་ཀྱི་ཐོག་ནས་ཨ་རི་དང་མངའ་ཁུལ་གྱི་ཡུལ་གྲུ་ཁག་ལ་རྒྱ་ནག་གི་དམག་དཔུང་གིས་མངའ་ཁུལ་ནང་དེང་རབས་ཅན་གྱི་དམག་དཔུང་གི་ནུས་པའི་སྟོབས་ཤུགས་ལ་འགོག་ཐབས་མེད་པའི་བརྡ་གཏོང་གི་ཡོད་པ་གསུངད་འདུག མེ་ཤུགས་ཕུར་མདེལ་བཟོ་སྐྲུན་ཐོག་གི་མཁས་དབང་གེ་རེཐ་ཇེ་ནིང་སི་ཡིས་གསུངས་ན་ རྒྱ་ནག་གཞུང་གིས་དེ་ལྟར་བྱེད་དགོས་དོན་ནི་རྒྱ་ནག་གི་དམག་དོན་སྟོབས་ཤུགས་དེང་རབས་ཅན་གྱི་ཚད་གཞི་ག་ཚོད་ལ་སླེབས་ཡོད་མིན་ཕྱི་ལ་བཏོན་གྱི་མེད་པར་ དེའི་ཐོག་ནས་རྒྱ་ནག་གིས་མངའ་ཁུལ་ནང་གི་དམག་དོན་སྟོབས་ཤུགས་ཡོད་པའི་སྤོབས་པ་དང་བློ་བཤེས་ཡོད་པ་དེ་བཏོན་ཐབས་བྱེད་ཀྱི་ཡོད་པའི་དགོངས་ཚུལ་གསུངས་འདུག རྒྱ་ནག་མི་དམངས་བཅིང་འགྲོལ་དམག་ནི་འཛམ་གླིང་ནང་ནས་དམག་མི་མང་ཤོས་ཀྱི་དམག་དཔུང་ཞིག་ཡིན་པ་མ་ཟད་དམག་དཔུང་གི་འགྲོ་གྲོན་བཏང་ཕྱོགས་ཡང་གསང་བ་ཧ་ཅང་གི་དམ་པོ་བྱས་ནས་ཕྱི་ཕྱོགས་ནས་རྒྱ་ནག་གིས་དམག་དོན་ཐོག་འགྲོ་གྲོན་ག་ཚོད་གཏོང་གི་ཡོད་མེད་ཀྱི་དངོས་ཡོད་གྲངས་འབོར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org