རྒྱ་ནག་གིས་ཁྱིམ་མཚེས་བལ་ཡུལ་ལ་ཉེན་བརྡ་བཏང་འདུག

རྒྱ་ནག་གིས་ཁྱིམ་མཚེས་བལ་ཡུལ་ལ་རང་དབང་དང་མིང་གྲགས་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

བལ་ཡུལ་གྱི་སྲིད་བློན་(Pushpa Kamal Dahal)་མཆོག་དང་རྒྱ་གར་གྱི་སྲིད་བློན་Mod་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༦།༩།༡༦ དྲ་བཤུས།/EPA

རྒྱ་ནག་གིས་ཁྱིམ་མཚེས་བལ་ཡུལ་ལ་རང་དབང་དང་མིང་གྲགས་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་(Pushpa Kamal Dahal)་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚམས་གཟིགས་སུ་ཕེབས་ཏེ་ཉིན་གྲངས་ཁ་ཤས་ལས་མ་སོང་བའི་རྗེས། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་བལ་ཡུལ་གྱི་ངོས་ནས་རྒྱ་ནག་ཟུར་འཇོག་དང་རྒྱ་གར་ལ་རིན་ཐང་ཆེ་བ་སྤྲད་ཚེ་བལ་ཡུལ་གྱི་རང་དབང་དང་མིང་གྲགས་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་ནག་གཞུང་འབྲེལ་(The Global Times)་ཞེས་བའི་ནང་པེ་ཅིན་རྒྱལ་སྤྱིའི་ཤེས་ཡོན་མཐོ་སློབ་ཁང་གི་རྒྱ་གར་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་ཤུ་ལིཡང་གི་མིང་ཐོག་ནས་དཔྱད་རྩོམ་ཞིག་སྤེལ་བ་ལུང་འདྲེན་བྱས་འདུག་པ་དེའི་ནང་། རྒྱ་གར་གཞུང་གིས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་ལམ་ཐད་ཐེ་ཇུས་བྱེད་བཞིན་ཡོད་པའི་སྙོན་འཛུགས་བྱས་ཡོད་པ་དང་། ད་དུང་ཤུ་ཡིས། བལ་ཡུལ་ལ་རྒྱ་གར་གྱི་གནོན་ཤུགས་འགོག་དགོས་པའི་དུས་སྐབས་ལ་པེ་ཅིན་གྱི་རོགས་རམ་ཞུ་གིན་ཡོད་པར་མ་ཟད། བལ་ཡུལ་གྱི་ངོས་ནས་རྒྱ་གར་ལ་བརྟེན་མི་དགོས་པར་ཕན་ཐོགས་ཡོང་རྒྱུར་རྒྱ་ནག་དང་གཞི་ཡུལ་མང་དག་ཅིག་གི་ཐོག་གྲོས་མཐུན་ཡང་བཞག་ཡོད་པ་རེད་ཅེས་བརྗོད་འདུག།
བལ་ཡུལ་གྱི་སྲིད་བློན་གོང་མ་K P Sharma Oliའི་སྐབས་སུ། བལ་ཡུལ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཧ་ཅང་གི་ཉེ་པོ་ཆགས་ཡོད་ཅིང་། བལ་ཡུལ་ནང་རྒྱ་གར་གྱི་དངོས་ཟོག་འོར་འདྲེན་བཀག་འགོག་ཤུགས་ཆེ་ཡོད་བཞིན་དུ་བལ་ཡུལ་དང་རྒྱ་ནག་དབར་བོད་ནས་བལ་ཡུལ་བར་རི་ལིའི་ལྕགས་ལམ་གསར་རྒྱག་གི་ལས་དོན་སོགས་གཞི་ཡུལ་མི་འདྲ་བ་མང་པོ་ཞིག་གི་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པ་རེད།
འོན་ཀྱང་བལ་ཡུལ་གྱི་སྲིད་བློན་པུཤ་པ་ཀ་མཱལ་དྷཧཱལ་པརཱ་ཆན་དྷ་(Pushpa Kamal Dahal)ཡིས། ཁོང་སྲིད་བློན་དུ་འཁོད་རྗེས་ཀྱི་གཞུང་འབྲེལ་འཚམས་གཟིགས་དང་པོ་དེ་རྒྱ་ནག་མ་ཡིན་པར་རྒྱ་གར་དུ་གནང་པ་དེ་མཚོན་དོན་གྱི་ཐོག་ནས་གལ་འགངས་ཆེན་པོ་ཞིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་ནག་ལ་དེས་ཕོག་ཐུག་ཆེན་པོ་བྱུང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་(Global Times)་གྱི་གསར་ཤོག་གི་དཔྱད་རྩོམ་དེའི་ནང་། ཤུ་ལིཡང་གིས་མུ་འཐུད། རྒྱ་གར་གྱི་གནོན་ཤུགས་འོག་བལ་ཡུལ་གྱི་སྲིད་བློན་གྱི་ངོས་ནས་རྒྱ་ནག་དང་བཞག་པའི་ཆིངས་དོན་ཁག་རྩ་འཛིན་མི་བྱེད་པ་སྲིད་པ་རེད་ལ། འོན་ཀྱང་དེ་ནི་བལ་ཡུལ་རང་ཉིད་རྒྱ་གར་ལ་བརྟེན་མི་དགོས་པར་རང་དབང་གཙང་མ་ཞིག་ཡོང་རྒྱུའི་དམིགས་ཡུལ་ལ་འགོག་རྐྱེན་ཆགས་རྒྱུ་ཡིན་ལུགས་བརྗོད་འདུག།
དེ་སྔོན་བརྒྱུད་ལམ་ཁག་གི་ནང་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་དུ་ཕྱི་ཟླ་བཅུ་པའི་ནང་འཚམས་གཟིགས་སུ་བསྐྱོད་རྒྱུའི་གནས་ཚུལ་ཐོན་ཡོད་ན་ཡང་། ད་ཆ་རྒྱ་ནག་གི་ངོས་ནས་འཚམས་གཟིགས་དེ་འདི་ལོའི་ལོ་མཇུག་བར་ཕྱིར་འཐེན་བྱས་ཡོད་ལུགས་བརྗོད་ཡོད་པ་རེད།    

གསར་འགོད་པ་སྤྱི་ཁྱབ་་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org