ཏཱ་ལའི་རུ་ཚོཊ་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་དགོས་ཟེར།
རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུ་ཀྲང་ཧྲན་གྱིས་འདས་པའི་ལོ་ལྔ་བཅུའི་ནང་བོད་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་ཟེར།
-
2015-09-08 -
-
-
རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུ་ཀྲང་ཧྲན་གྱིས་འདས་པའི་ལོ་ལྔ་བཅུའི་ནང་བོད་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་ཟེར།
དེ་རིང་ཕྱི་ཟླ་༩ ཚེས་༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས། བོད་རང་སྐྱོང་ལྗོངས་ཞེས་བ་བཙུགས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ་རྒྱས་པོ་ཞིག་ཚུགས་ཡོད་པ་དང་། དེའི་སྐབས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུ་ཀྲང་ཧྲན་གྱིས་འདས་པའི་ལོ་ལྔ་བཅུའི་ནང་བོད་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་པ་དང་། ཏཱ་ལའི་རུ་ཚོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་དགོས་ལུགས་སོགས་བརྗོད་འདུག
ཡུ་ཀྲང་ཧྲན་ནི་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོ་དེའི་ཐོག་བསྐྱོད་མཁན་གྱི་རྒྱ་ནག་དབུས་གཞུང་གི་དཔོན་རིགས་མཐོ་ཤོས་དེ་ཡིན་ལ། ཡུ་ཀྲང་ཧྲན་ནི་རྒྱ་ནག་གཞུང་གི་དཔོན་རིགས་མཐོ་ཤོས་ཨང་བཞི་པ་དེ་ཡིན་པར་ཡོངས་གྲགས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པ་དང་། དཔལ་འབྱོར་ཁེ་ཕན་གྱི་གོ་སྐབས་ཐོབ་ཀྱི་མེད་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར། ཡུ་ཀྲང་ཧྲན་གྱིས་དེ་རིང་གཟའ་མིག་དམར་ཉིན་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་མང་ཚོགས་སྟོང་ཕྲག་མང་པོ་འཛོམས་པའི་སར་གཏམ་བཤད་བྱེད་སྐབས་ཏང་ངམ་རྒྱ་ནག་དམར་ཤོག་ཚོགས་པ་དང་། བོད་མི་དམངས་མཉམ་འབྲེལ་གྱི་ཐོག་ནས་རྗེས་ལུས་ཅན་གི་བོད་རྙིང་པ་ཞིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་ལྡན་པའི་བོད་གསར་པ་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད་ལུགས་བརྗོད་འདུག་ལ། ད་དུང་ཡུ་ཡིས་གྲངས་ཉུང་མི་རིགས་ཡོངས་ནས་ཁ་བྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། ཏཱ་ལའི་རུ་ཚོགས་དང་ཕྱི་ཕྱོགས་ཀྱི་དགྲ་བོའི་ཁ་བྲལ་དང་གཏོར་རྒོལ་ངན་བྱུས་ལ་མུ་འཐུད་འགོག་རྒོལ་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་བོད་རང་དབང་ཚོགས་པས། གལ་ཏེ་བོད་ནང་རྒྱ་ནག་གཞུང་གིས་བརྗོད་པར་ལྟར་སྒྲུང་གཏམ་མཚར་པོ་དེ་འདྲ་དངོས་འབྲེལ་ཡོད་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་མི་ཚོར་རང་དབང་གྱི་ཐོག་ནས་སྒྲུང་གཏམ་དེ་དག་ཤོད་དུ་མ་འཇུག་པའམ། འཛམ་གླིང་གི་བརྒྱུད་ལམ་ཁག་ལ་མཚར་གཏམ་འབྲེལ་བའི་གནས་ལུགས་དེ་དག་བལྟ་རུ་མ་འཇུག་པ་གང་ཡིན་ནམ་ཞེས་ལན་འདེབས་བྱས་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།