རྒྱ་ནག་ནང་རི་ཉུལ་བྱུང་སྟེ་ཉུང་མཐར་མི་བརྒྱད་རྐྱེན་འདས་དང་མི་མང་པོ་ས་འོག་ཏུ་མནན་འདུག
རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཀྲིན་ཤོང་རྫོང་ཁོངས་སུ་རི་ཉུལ་གྱི་དོན་རྐྱེན་བྱུང་ནས་ཉུང་མཐར་མི་བརྒྱད་འདས་གྲོངས་དང་མི་མང་པོ་ས་འོག་ཏུ་ལྷག་ཡོད་འདུག
- 2024-01-22
-
-
-
ཕྱི་ཟླ་༡པོའི་ཚེས་༢༢ཉིན་གྱི་རྒྱ་ནག་པེ་ཅིན་གྱི་ཞོགས་པའི་ཆུ་ཚོད་༥:༥༡སྟེང་། རྒྱ་ནག་ཡུན་ནན་ཞིང་ཆེན་ཀྲིན་ཤོང་རྫོང་ལན་ཧྲའོ་གྲོང་གསེབ་དུ་རི་ཉིལ་བྱུང་སྟེ། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན་ཉུང་མཐར་མི་བརྒྱད་འདས་གྲོངས་དང་། དུད་ཚང་༡༨གྱི་མི་གྲངས་༤༧ས་འོག་ཏུ་མནན་ཡོད་པ་དང་། སྔ་དྲོ་ནས་བཟུང་མི་སྣ་འཚོལ་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག་ལ། ས་གནས་དེ་དག་ཏུ་བོད་མི་གནས་སྡོད་བྱེད་ཀྱི་མེད་པ་དང་བོད་རིགས་ལ་གནོད་འཚེ་ཕོག་མེད་སྐོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ནང་རི་ཉིལ་བའི་དོན་རྐྱེན་བྱུང་རྗེས་ས་གནས་ཀྱི་མི་མང་༥༠༠ལྷག་བདེ་འཇགས་ས་གནས་སུ་གནས་སྤོར་བྱས་ཡོད་སྐོར་བཀོད་འདུག
གོང་གི་རི་ཉིལ་བྱུང་ས་དེ་ནི་རྒྱ་ནག་གི་ས་ཁུལ་ཁག་ལས་གྲོང་གསེབ་དབུལ་བོའི་གྲས་དང་ཕྱི་ལོ་༢༠༢༠་ལོར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱི་དབུལ་སྒྲོལ་ལས་གཞི་སྤེལ་སའི་ས་ཁུལ་གཙོ་གྲས་ཤིག་ཡིན་པ་རེད།
བརྙན་པར་སོགས་ནས་མཐོང་གསལ་ལྟར་ན། རི་ཉིལ་དེ་རི་རྩེ་ནས་བཟུང་འདབ་འབྲེལ་གྲོང་གསེབ་བར་བྱུང་ཡོད་པ་མ་ཟད། གྲོང་གསེབ་དེའི་སྡོད་ཁང་ཕྱེད་ཀ་ནུབ་ཡོད་པ་མཐོང་ཐུབ་ཀྱི་འདུག་ལ། ཡུན་ནན་ཉིན་རེའི་གསར་ཁང་གི་གསར་འགྱུར་ནང་ད་ལྟའི་ཆར་ཡུན་ནན་ཞིང་ཆེན་གྱི་འགོ་ཁྲིད་(Wang Yubo)་རི་ཉིལ་བྱུང་སའི་ས་གནས་སུ་སོང་སྟེ་བརྟག་ཞིབ་བྱེད་བཞིན་ཡོད་པ་དང་། རི་ཉིལ་དོན་རྐྱེན་བྱུང་ཡུལ་དུ་རོགས་སྐྱོར་མི་སྣ་༣༠༠ དང་ཛ་དྲག་མྱུར་སྐྱོབ་མི་སྣ་༥༠་ཡིས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ས་གནས་སུ་གྲང་འཁྱག་དང་ཁ་བ་བབས་སོགས་ཀྱིས་མི་སྣ་རྩད་འཚོལ་དང་གནས་སྤོར་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བཀོད་འདུག
རྒྱ་ནག་ཏུ་ད་ཐེངས་ཙམ་མ་ཟད་འདས་པའི་ཟླ་གཅིག་ཙམ་སྔོན་རང་བྱུང་གོད་ཆགས་རྐྱེན་གྱིས། ཀན་སུའུ་ཞིང་ཆེན་ལིན་ཤཱ་ཁུལ་དུ་ས་འགུལ་གྱིས་མི་གྲངས་༡༤༩རྐྱེན་འདས་དང་། མི་གྲངས་༡༠༠༠ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། སྡོད་ཁང་དང་ར་བ་སོགས་༡༤༠༠༠ལྷག་ལ་གཏོར་སྐྱོན་གྱི་གནས་ཚུལ་བྱུང་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་རྒྱ་ནག་ལྷོ་ཕྱོགས་ས་ཁུལ་མང་ཆེ་བར་གྲང་འཁྱག་རྐྱེན་གྱིས་དཀའ་ངལ་བྱུང་གི་ཡོད་པ་རེད།
གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།