དགེ་འདུན་པ་བརྒྱད་ལ་ཚེ་བཙོན་སོགས་ཁྲིམས་བཅད་བཏང་སྐོར།
2008.10.14
༄༅༎དེ་རིང་ཆབ་མདོ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཀང་ལྦེ་ལའེ་ཡིས་བོད་ཤར་ཕྱོགས་ཁམས་ཁུལ་གྱི་གོ་འཇོ་རྫོང་གི་ཁྱབ་ཁོངས་སྐྱ་འབོར་ཆུས་ཀྱི་ཐང་སྐྱ་དགོན་པའི་དགེ་འདུན་པ་བརྒྱད་ལ་ཚེ་བཙོན་དང་ལོ་ལྔ་ནས་བཅོ་ལྔ་བར་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་སྐོར་བརྗོད་བཞག
ཁྲིམས་ཁང་གིས་ཉེས་ཆད་བཏང་བའི་དགེ་འདུན་པ་བརྒྱད་པོ་དེ་རྣམས་ནས་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ཉིན་སྐྱ་འབོར་ཆུས་ཀྱི་གཞུང་གི་ལས་ཁང་ཞིག་ནང་འབར་རྫས་བཞག་པའི་ནག་ཉེས་བཙུགས་ཏེ་གཉིས་ལ་ཚེ་བཙོན་གྱི་ཉེས་ཆད་དང་དྲུག་ལ་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་སྐོར་ཁྲིམས་དཔོན་ཀང་ལྦེ་ལའེས་ཨེ་པི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག
ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་དགེ་འདུན་པ་གཉིས་ནི་འགྱུར་མེད་དོན་གྲུབ་དང་སྐལ་བཟང་ཚེ་རིང་གཉིས་ཡིན་པ་དང་དེ་འཕྲོས་དྲུག་ལ་ལོ་ལྔ་ནས་བཅོ་ལྔའི་བར་དུས་བཀག་བ་ཙོན་འཇུག་གི་ཉེས་ཆད་བཏང་བཞག
རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་དགེ་འདུན་པ་བརྒྱད་པོ་དེ་རྣམས་ནས་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ཉིན་གཞུང་གི་ལས་ཁང་ཞིག་ནང་འབར་རྫས་བཞག་ཡོད་པ་ཁོང་ཚོས་ངོས་ལེན་བྱས་ཡོད་ལུགས་བརྗོད་ཡོད་པ་རེད་ ཁྲིམས་དཔོན་ཀང་གིས་ཨེ་པི་གསར་ལས་ཁང་ལ་ཁ་པར་ཐོག་བཅའ་འདྲི་བྱས་པར་ལན་འདེབས་བྱེད་སྐབས་དགེ་འདུན་པ་དེ་རྣམས་ནས་ཁྲིམས་ཁང་ནས་ཁྲིམས་བཅད་ཕོག་པ་དེའི་ཐད་ཞུ་གཏུགས་བྱས་མེད་སྐོར་བརྗོད་འདུག དེ་བཞིན་རྒྱ་མིའི་ཁྲིམས་དཔོན་དེས་དང་པོ་དགེ་འདུན་པ་ཚོའི་ཐོག་རྒྱལ་ཁབ་ཁ་བྲལ་བཏང་བའི་ནག་ཉེས་བཙུགས་བྱས་ཡོད་ནའང་རྗེས་སུ་འགྱུར་བ་བཏང་ནས་དགེ་འདུན་པ་ཚོར་འབར་རྫས་བཞག་པའི་ནག་ཉེས་བཙུགས་ཡོད་སྐོར་བརྗོད་པ་ལས་ཐག་གཅོད་དེ་ཇི་ལྟར་བྱས་ཡོད་མེད་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་རེད་
རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་ཐང་སྐྱ་དགོན་པའི་དགེ་འདུན་པ་བརྒྱད་ཀྱིས་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ཉིན་སྐྱར་འབོར་ཆུས་ཀྱི་གཞུང་གི་ལས་ཁུངས་ནང་འབར་རྫས་བཞག་ཡོད་པ་ངོས་ལེན་བྱས་ཡོད་སྐོར་གནས་ཚུལ་སྤེལ་ཡོད་ནའང་འབར་རྫས་དེར་གས་སྐྱོན་བྱུང་ནས་མི་སྲོག་ཤོག་བ་དང་ཁར་དངོས་སོགས་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།