རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཡིན་པ་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་མི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཀྱིས་གསུངས་འདུག

ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་ (Donald Trump) ཡིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་མིར་མིང་འདོན་གནང་བའི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཀྱིས་རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཡིན་པ་དང་། ཨ་རི་ནི་རྒྱ་ནག་ལ་བརྟེན་དྲགས་པའི་ཉེན་ཁ་ཡོད་པ་གསུངས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་མི་ (Marco Robio) ལགས་སུ་ཉན་ཞིབ་སྐབས། ༠༡།༡༥།༢༠༢༥ C-SPAN

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་གོང་མའི་འཐུས་མི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་རྒྱུའི་ཐད་ཕྱི་ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་ནང་ཉན་ཞིབ་གནང་པ་དང་། ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གཏན་འཁེལ་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཉན་ཞིབ་སྐབས་ཁོང་གིས་ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་རྣམས་ལ། རྒྱ་ནག་ནི་དེང་སྐབས་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་དེ་ཡིན་པ་དང་། ཨ་རིས་དཔལ་འབྱོར་རྒྱ་ནག་ལ་བརྟེན་དགོས་པ་དང་དེའི་འདོད་པ་ལྟར་ཉན་དགོས་པ་ཞིག་ཆགས་རྒྱུའི་ཉེན་ཁའི་གནས་སུ་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་སུ། དུས་ཡུན་ཐུང་ངུའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཁོང་གི་གཞུང་འཛིན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་མིར་མིང་འདོན་གནང་བ་དང་། གྲོས་ཚོགས་གོང་མའི་ནང་མྱུར་དུ་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
དེར་བརྟེན་ཕྱི་ཟླ་དང་པོའི་ཚེས་༡༥ ཉིན་གྲོས་ཚོགས་གོང་མའི་ནང་ཁོང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བཀའ་འཁྲོལ་གནང་འོས་མིན་གྱི་འདྲི་རྩད་ཉན་ཞིབ་གནང་སྐབས། གཙོ་བོ་འབྱུང་འགྱུར་ཌོ་ནལཌི་ཊམཔ་ (Donald Trump) ཡི་གཞུང་གསར་པས་རྒྱ་ནག་དང་ར་ཤེ་ཡ། ཨི་རན་བཅས་ཀྱི་ཐོག་ལ་སྲིད་ཇུས་འཛིན་ཕྱོགས་གང་འདྲ་ཡོང་མིན་ཐད་འདྲི་རྩད་གནང་ཡོད་པ་དང་། ཁོང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་ཁོ་ནའི་ཐོག་ལ་སྐྱོན་བརྗོད་ནན་པོ་གནང་སྟེ། ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་རྒྱ་ནག་ཡིན་པ་གསུངས་ཡོད་པ་རེད།


ད་དུང་ཁོང་གིས་ར་ཤེ་ཡའི་སྲིད་འཛིན་ ཝིལཱ་དྷ་མིར་ པུ་ཊིན་ (Vladimir Putin) གྱིས་ཡུཀ་རེན་ལ་དམག་འཐབ་བཙན་འཛུལ་བྱས་པ་དེས་དུས་རབས་༢༡ པའི་ཡིག་ཐོག་གི་ལོ་རྒྱུས་གང་རུང་ཞིག་གི་ནང་ལ་ལེའུ་འགའ་ཤས་ཤིག་ཆགས་རྒྱུ་ཡིན་ནའང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེས་དེབ་དེའི་ཕྱེད་ཀ་ཁེངས་རྒྱུ་ཡིན་པ་དང་། གལ་སྲིད་ང་ཚོ་ད་ལྟའི་ལམ་ཁ་འདིའི་ཐོག་མུ་མཐུད་དུ་ཕྱིན་པ་ཡིན་ན། ལོ་ ༡༠ ཙམ་གྱི་ནང་ཚུད་ལ་ང་ཚོའི་མི་ཚེ་ལ་གལ་ཆེན་པོ་ཡིན་པའི་དོན་དག་ཕལ་ཆེ་བ་ནི། རྒྱ་ནག་གཞུང་གིས་ཆོག་མཆན་སྤྲོད་མིན་ལ་རག་ལས་དགོས་པ་ཆགས་རྒྱུ་ཡིན་པ་དང་། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ཨ་རིའི་དཔལ་འབྱོར་ཕལ་ཆེ་བ་རྒྱ་ནག་ལ་བརྟེན་དགོས་པ་ཞིག་བཟོ་འདོད་ཡོད་པ་ཡིན་ཞིང་། དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཨ་རིས་དེ་སྔོན་གདོང་ལེན་བྱས་མྱོང་མེད་པའི་དགྲ་བོ་ཆེ་ཤོས་དང་ཉེན་ཁ་ཆེ་ཤོས་དེ་རེད། ཅེས་གསུངས་འདུག
སྔ་ལོ་ཕྱི་ཟླ་ ༧ པའི་ནང་ཨ་རིའི་སྲིད་འཛིན་སྦཡེ་ཌན་ (Biden) གྱིས་ཁྲིམས་སུ་མཚན་རྟགས་བསྐྱོན་པའི་བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ (S138) གཏན་འབེབས་གནང་པའི་བརྒྱུད་རིམ་ཁྲོད། གྲོས་ཚོགས་གོང་མའི་འཐུས་མི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གཙོ་གྲས་ཞིག་ཀྱང་ཡིན་པ་རེད་ལ། ད་དུང་ཁོང་ནི་བོད་དང་ཤིན་ཅང་རྒྱ་ནག་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཁོང་ལ་གྲོས་ཚོགས་ནང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམངས་གཙོའི་ཁྲིམས་འཆར་ཞེས་པ་བཏོན་པའི་རྐྱེན་གྱིས་དཔལ་འབྱོར་གྱི་ཉེས་ཆད་བཀེལ་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org