རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོང་ཆིའི་ལ་ཉེས་ཆད།
རྒྱ་ནག་ཟི་ཁྲོན་ནང་ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཧོང་ཆིའི་བཙོན་འཇུག་ལོ་གསུམ་གྱི་ལོ་ཚད་བཟོས་ཡོད་འདུག
-
2009-11-23 -
-
-
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོང་ཆིའི་བཙོན་འཇུག་ལོ་གསུམ་གྱི་ལོ་ཚད་བཟོས་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོང་ཆིའི་ཡིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེ་ཕོག་ནས་སློབ་ཕྲུག་འཕོན་ཆེའི་ཚེ་སྲོག་ཤོར་བའི་གནད་དོན་དེ་བཞིན་སློབ་ཁང་གི་སྤུས་ཚད་མི་འདེངས་བའི་རྐྱེན་གྱིས་ཁང་པ་བརྡིབས་སྐྱོན་བྱུང་བ་ཞིག་ཡིན་མིན་བརྟག་དཔྱད་བྱ་རྒྱུ་ཁྱིམ་བདག་ཚོར་རོགས་རམ་གནང་བའི་རྐྱེན་གྱིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྲན་ཏུ་གྲོང་ཁྱེར་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་ ཁོང་གི་གྱོད་དོན་ཐོག་གྲན་ཏུ་གྲོང་ཁྱེར་ལྦུའུ་ཧའུ་ས་གནས་ཁྲིམས་ཁང་གིས་ཕྱི་ཟླ་བརྒྱད་པའི་ཚེས་༥ཉིན་ཁྲིམས་ཞིབ་བྱེད་འགོ་བཙུགས་ཡོད་ན་ཡང་ད་རེས་ཕྱི་ཟླ་༡༡པའི་ཚེས་༢༣ཉིན་གཞི་ནས་ཁྲིམས་ཐག་ཕྱིར་བསྒྲགས་བྱས་ཡོད་ཅིང་ ཧོང་ཆིའི་ཡི་ཁྲིམས་རྩོད་པ་སྐུ་ཞབས་དམུའུ་ཧྲོའོ་ཚུང་གིས་གསུངས་ན་ཧོང་ཆིའི་ལ་སྲིད་གཞུང་གིས་ནག་ཉེས་སྐྱོན་བཙུགས་བྱེད་ཡས་དེ་བཞིན་ ཁོང་གིས་བཙུགས་པའི་རང་ཉིད་ཀྱི་ཐོབ་ཐང་དོན་གཉེར་དྲ་རྒྱ་ཞེས་པའི་ཐོག་འབྲེལ་ཡོད་རྒྱ་ནག་གི་ཡིག་བསྐུར་ངོ་གཏུགས་ཀྱི་སྲིད་བྱུས་ཁག་ཅིག་ཕྱིར་བཏོན་བྱས་ལུགས་བཤད་ཡོད་ཅིང་ ཡིན་ནའི་ཞིབ་དཔྱོད་ལས་ཁང་གིས་སྲིད་བྱུས་དེ་རིགས་ཧོང་ཆིའི་ཡིས་ཕྱིར་བཏོན་བྱས་པ་འམ་ཡང་ན་གཞན་གྱིས་ཁོང་གི་དྲ་རྒྱ་བརྒྱུད་ནས་བཏོན་པ་ཡིན་མིན་ཤེས་རྟོགས་གསལ་པོ་མེད་པའི་ཁར་ གོང་ཞུས་ཀྱི་ཡིག་བསྐུར་ངོ་གཏུགས་སྲིད་བྱུས་དེ་རིགས་རྒྱ་ནག་གཞུང་ཕྱོགས་ཀྱི་དྲ་རྒྱ་ཁག་ནང་དེའི་གོང་ནས་ཕྱིར་བཏོན་བྱས་ལུགས་གསུང་བཞག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོང་ཆིའི་ན་ནིང་ཕྱི་ཟླ་དྲུག་པའི་ནང་འཛིན་བཟུང་དོ་དམ་བྱས་ནས་ད་རེས་ཁོང་ལ་ཁྲིམས་འགལ་ཐོག་ནས་རྒྱལ་ཁབ་ཀྱི་གསང་བ་ཉར་ཚགས་བྱས་ལུགས་ཀྱི་ཉེས་འཛུགས་འོག་བཙོན་འཇུག་ལོ་གསུམ་གྱི་ལོ་ཚད་བཟོས་ཡོད་པ་དང་ རྒྱ་ནག་གི་ཁྲིམས་ལུགས་ནང་རྒྱལ་ཁབ་ཀྱི་གསང་བ་ཁྲིམས་འགལ་ཐོག་ནས་ཉར་ཚགས་བྱས་པ་ཟེར་བའི་ཉེས་བཙུགས་དེའི་འོག་བཙོན་འཇུག་བྱེད་ཡས་ཀྱི་ལོ་ཚད་མཐོ་ཤོས་དེ་ལོ་གསུམ་ཡིན་པ་རེད་ ཧོང་ཆིའི་ཡི་ཁྲིམས་རྩོད་པ་སྐུ་ཞབས་དམུའུ་ཧྲའོ་ཚུང་གིས་ཧོང་ཆིའི་ཡིས་གྲན་ཏུ་ས་གནས་ཁྲིམས་ཁང་གིས་ཁོང་ལ་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་པར་ཁས་ལེན་བྱེད་ཐབས་མེད་པར་བརྟེན་རྒྱ་ནག་གི་ཁྲིམས་ལུགས་འགྲོ་སྟངས་བཞིན་ཉིན་བཅུའི་རྗེས་ཧོའོ་ཆིའི་ཡིས་ཆེས་མཐོའི་ཁྲིམས་ཁང་དུ་བསྐྱར་དུ་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་གསུང་བཞག