བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་སུ་མི་འགྲོ་བའི་འབད་བརྩོན།
རྒྱ་ནག་གཞུང་གིས་བོང་ནང་ཐོན་པའི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་མི་ཡོང་བའི་སྔོན་འགོག་བྱེད་ཆེད་ཚོད་བལྟ་བྱེད་བཞིན་ཡོད་འདུག
-
2009-06-18 -
-
-
༄༅༎རྒྱ་ནག་གཞུང་གིས་བོང་ནང་ཐོན་པའི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་མི་ཡོང་བའི་སྔོན་འགོག་བྱེད་ཆེད་ཀྱི་འཕྲུལ་ཆས་གསར་བཟོའི་ཚོད་བལྟ་བྱེད་བཞིན་ཡོད་པ་རེད་འདུག
དེའང་གློག་རྡུལ་འཕྲུལ་ཆས་ཀྱི་དྲ་རྒྱ་དང་དེ་བཞིན་སྟབས་བདེའི་ལག་འཁྱེར་ཁ་པར་སོགས་ཀྱི་ཐོག་ནས་ཉེ་ལམ་བོད་ནང་ཐོན་པའི་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དང་ལས་འགུལ་དེ་ཚོར་གཞུང་ཕྱོགས་ནས་དྲག་གནོན་བྱས་པའི་གནས་ཚུལ་དང་དཔར་རིས་སོགས་གང་མགྱོགས་ཕྱི་ཕྱོགས་སུ་བཏང་ཐུབ་ཀྱི་ཡོད་པ་དང་ཕྱི་ཕྱོགས་ཀྱི་མི་ཚོས་བོད་ནང་བྱུང་བའི་ཉིན་རེའི་ཉིན་རེའི་གནས་ཚུལ་མང་དག་ཅིག་འཕྲལ་དུ་རྟོགས་ཐུབ་ཀྱི་ཡོད་པས་དེར་བརྟེན་རྒྱ་ནག་གཞུང་ནས་ཀྱང་གོང་གསལ་གྱི་འཕྲིན་གཏོང་འཕྲུལ་ཆས་དེ་ཚོའི་ཐོག་ནས་བོད་ཀྱི་གནས་ཚུལ་ཕྱི་གྱར་མི་ཡོང་བའི་ཆེད་དུ་འཕྲུལ་ཆས་གསར་བཟོ་བྱེད་རྒྱུའི་ཚོད་བལྟ་བྱས་ཏེ་འཕྲུལ་ཆས་དེ་ཚོས་གློག་རྡུལ་འཕྲུལ་ཆས་ཀྱི་སྤྱི་གླེང་རྭ་བ་དང་སྟབས་བདེའི་ལག་འཁྱེར་ཁ་པར་སོགས་ནས་བོད་ནང་གི་ངོ་རྒོལ་ལ་སོགས་པའི་གཞུང་ལ་གནོད་པའི་གནས་ཚུལ་དེ་རིགས་ཕྱི་ཕྱོགས་སུ་གཏོང་མི་ཐུབ་པའི་འབད་བརྩོན་བྱེད་རྒྱུ་ཡིན་པ་རེད་འདུག་ལ་ཡང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་ཉམས་ཞིབ་གནང་མཁན་གོལ་ཌི་ཀོན་ཞུ་བ་ཞིག་གིས་དེ་སྔ་གློག་རྡུལ་དྲ་རྒྱ་དེ་མེད་པའི་སྐབས་སུ་རྒྱ་ནག་ནང་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་སླེབས་མི་ཐུབ་པ་དང་རྒྱ་ནག་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་མི་ཐུབ་པའི་རྒྱ་ནག་ནང་གི་མི་དམངས་མང་ཆེ་བ་དེས་གསར་འགྱུར་མང་པོ་ཞིག་ཤེས་རྟོགས་བྱེད་མི་ཐུབ་པའི་ས་གནས་ཁེར་རྐྱང་ཞིག་ཏུ་འགྱུར་ཐུབ་རུང་ད་ཆ་གློག་རྡུལ་འཕྲུལ་ཆས་ལ་སོགས་པའི་དེང་དུས་ཀྱི་འཕྲིན་གཏོང་འཕྲུལ་མང་དག་ཅིག་ཡོད་པས་རྒྱ་ནག་གཞུང་ནས་འཕྲུལ་ཆས་གསར་བཟོ་བྱེད་པ་དེས་བོད་དང་ཕྱི་ཕྱོགས་ཀྱི་གསར་འགྱུར་རྩ་བ་ནས་བཀག་འགོག་བྱེད་ཐབས་དང་བྲལ་བ་ཞིག་ཡིན་པར་ཡང་གསུངས་འདུག།