བོད་ནང་སླར་ཡང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ།
ཕྱི་ཟླ་བཅུ་པའི་ཚེས་༡༥་ཉིན་སླར་ཡང་བོད་ཀྱི་མདོ་སྨད་རྔ་པ་ཁུལ་གྱི་བོད་མི་ན་གཞོན་ཞིག་གིས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ།
-
2011-10-16 -
-
-
༄༅༎བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས། ཕྱི་ཟླ་བཅུ་པའི་ཚེས་༡༥ རེས་གཟའ་སྤེན་པའི་ཉིན་སླར་ཡང་བོད་ཀྱི་མདོ་སྨད་རྔ་པ་ཁུལ་གྱི་བོད་མི་ན་གཞོན་ཞིག་གིས་རང་ལུས་མེ་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེར་ངོ་རྒོལ་བྱས་ཡོད་པ་དང༌། དེ་ནི་འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་དུ་བོད་མི་བརྒྱད་ཀྱི་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་བྱུང་ཡོད་པའི་སྐོར་གསུང་ཡོད་པ་རེད།
དེ་ཡང་ཨིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་བོད་རང་དབང་ཚོགས་པས། དགུང་ལོ་༡༩ ཡིན་ནོར་བུ་འགྲ་འདུལ་ལགས་ཞུ་བས། རེས་གཟའ་སྤེན་པའི་ཉིན་རྔ་པའི་ཁྲོམ་གཞུང་ལ་ཐོན་ཏེ། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་ཞེས་པའི་འབོད་ཚིག་སྒྲོག་པའི་རྗེས་རང་ལུས་ལ་མེ་སྤར་ཡོད་པ་དང༌། རྒྱ་མིའི་ཉེན་རྟོག་པ་ཡོང་སྟེ།སྐུ་ལུས་ཀྱི་མེ་བསད་པ་ཡོད་ཀྱང་ཉེས་རྡུང་བཏང་བཞིན་ཉེན་རྟོག་པའི་མོ་ཊ་ཞིག་ནང་བཅུག་ཏེ་བཙན་ཁྲིད་བྱས་པ་དང༌། ད་ལྟ་ཁོང་གི་གནས་སྟངས་དང་ག་པར་དུ་ཡོད་མེད་སྐོར་གྱི་གནས་ཚུལ་ཤེས་རྟོགས་རྩ་བ་ནས་མེད་པའི་སྐོར་གསུང་ཡོད་པ་རེད། ནོར་བུ་འགྲ་འདུལ་ལགས་ནི་དེ་སྔ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་ཞིང༌། བོད་རང་དབང་ཚོགས་པ་དེའི་ཚོགས་གཙོས་གསུང་ན། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་རྔ་པ་ཀིརྟི་དགོན་པའི་སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་དབུ་བཙུགས་ཏེ། རྔ་པ་ཁུལ་དུ་བོད་མི་དྲུག་དང༌། ཁམས་རྟའུ་ཁུལ་དུ་བོད་མི་གཅིག་བཅས་ཀྱི་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང༌། ད་རེས་ནོར་བུ་འགྲ་འདུལ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེ་ནི། བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་དྲག་གནོན་དང་སྡུག་རྩུབ་འོག་བཟོད་ཐབས་མེད་པར་འུ་ཐུག་ཐབས་ཟད་ཐབས་ཀྱི་ལམ་དེ་ལྟ་བུ་ལས་འདེམས་ཀ་མེད་པའི་ར་སྤྲོད་གསལ་དུ་ཕྱིན་པའི་འགྲེལ་བརྗོད་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་ལྷག་པར་དུ་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་ཡོང་བའི་ཁ་ཡོད་ལག་ཡོད་ཀྱི་བྱ་ཐབས་ཤིག་ལག་བསྟར་བྱ་དགོས་པའི་དུས་ལ་བབ་ཡོད་པའི་འབོད་སྐུལ་ཞུས་ཡོད་པ་རེད།།