༸གོང་ས་མཆོག་དང་མེ་ཀེན་མཇལ་བར་རྒྱ་ནག་བློ་འཚབ་བྱུང་བ།
༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་འོས་དམིགས་མེ་ཀེན་རྣམ་གཉིས་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་བློ་འཚབ་ཆེན་པོ་བྱུང་འདུག
-
2008-07-28 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་ ཇོན་མེ་ཀེན་ རྣམ་གཉིས་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་བློ་འཚབ་ཆེན་པོ་བྱུང་ཡོད་པ་རེད་བཞག
བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་ཇོན་མེ་ཀེན་རྣམ་གཉིས་ཨ་རིའི་ཀོ་ལོ་རེ་ཌོ་མངའ་སྡེའི་ནང་མཇལ་འཕྲད་གནང་སྐབས་ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་ཡོད་པ་དང་དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད་པ་རེད་ ཡིན་ནའང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་གནད་དོན་ཐོག་ལས་དོན་གང་འདྲ་ཞིག་སྤེལ་བ་ཡིན་རུང་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པར་ག་དུས་ཡིན་ནའང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་
རྒྱ་ནག་གི་ངོས་ནས་གོང་ཞུས་ཀྱི་གནད་དོན་དེའི་ཐོག་བློ་འཚབ་ཆེན་པོ་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ ལིའུ་ཅན་ཁྲའོ་ ཡིས་དེ་རིང་གཏམ་བཤད་སྤེལ་ཡོད་པ་རེད་ དེ་ཡང་ལིའུ་ཡིས་ཏཱ་ལའི་བླ་མས་རྒྱལ་ཁབ་གང་འདྲ་ཞིག་ནང་ཁ་བྲལ་གྱི་ལས་འགུལ་སྤེལ་བར་ང་ཚོས་ངོ་རྒོལ་ཁ་གཏད་གཅོག་རྒྱུ་དང་ཆབས་ཅིག་རྒྱལ་ཁབ་གང་འདྲ་ཞིག་གིས་ཏཱ་ལའི་བླ་མའི་གནད་དོན་བེད་སྤྱོད་བྱས་ནས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱས་པ་ཡིན་ན་དེར་ང་ཚོས་ངོ་རྒོལ་ཁ་གཏད་གཅོག་རྒྱུ་ཡིན་པས་སྲིད་ཇུས་དེ་སྔ་རྗེས་འགྱུར་མེད་ཀྱི་སྒོ་ནས་གསལ་པོ་ཡིན་ཞེས་བརྗོད་ཡོད་པ་རེད་