བོད་རྒྱའི་ས་མཚམས་སུ་སླར་ཡང་ས་ཡོམ་ཞིག་རྒྱབ་ཡོད་འདུག
ད་རིང་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེ་ཞིག་རྒྱབ་སྟེ་ཉུང་མཐར་མི་གཅིག་རྐྱེན་ལམ་དུ་ཕྱིན་ ཡོད་འདུག
-
2008-05-25 -
-
-
༄༅༎ད་རིང་སླར་ཡང་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེ་ཞིག་རྒྱབ་སྟེ་ཉུང་མཐར་མི་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་སྡོད་ཁྱིམ་སྟོང་ཕྲག་གནོད་སྐྱོན་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཕྱི་ཚེས་༡༢ ཉིན་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེ་ཞིག་རྒྱབ་སྟེ་གཟའ་འཁོར་གཉིས་ཕྱིན་པའི་ནང་རྒྱ་ནག་གཞུང་གིས་ད་རིང་བར་མི་དམངས་ཁྱོན་དྲུག་ཁྲི་ཉིས་སྟོད་དྲུག་བརྒྱ་དྲུག་བཅུ་རེ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ ད་དུང་ཤི་སོན་གང་ཡང་རྙེན་སོན་མ་བྱུང་བའི་མི་དམངས་ཉི་ཁྲི་བཞི་སྟོང་ཙམ་གྱི་སྡོམ་རྩིས་བཏོན་ཡོད་པ་མ་ཟད་ཆུ་མཛོད་༦༩ ཙམ་རྡོལ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་བཤད་ཡོད་ཅིང། ཟི་ཁྲོན་གྱི་གནམ་གཤིས་ལས་ཁང་གིས་ད་རིང་སླར་ཡང་ས་ཡོམ་འགུལ་ཚད་༦ དང་ཚགས་༤ བྱས་པའི་ཤུགས་ཚད་ཆེན་པོ་ཞིག་རྒྱབ་པ་དེ་ནི་ཁ་སྔོན་ཕྱི་ཚེས་༡༢ ཉིན་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེ་རྒྱབ་སྟེ་ མི་རྒྱུ་གཉིས་ལ་ཚབས་ཆེའི་གནོད་འཚེ་བྱུང་བའི་རྗེས་ས་ཡོམ་འགུལ་ཚད་ཤུགས་ཆེ་ཤོས་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད། ཁ་སྔོན་གྱི་ས་ཡོམ་གནོད་འཚེ་དེའི་ནང་མི་དམངས་ས་ཡ་ལྔ་དང་ཚགས་བཞི་ལྷག་སྡོད་ཁྱིམ་མེད་པར་གྱུར་བ་དང་འཕྲལ་སེལ་སྡོད་གནས་ནང་ཡོད་པའི་མི་དམངས་ཚོའི་གནས་སྟངས་ཀྱས་ཧ་ཅང་གི་དཀའ་ཚེགས་ཆེ་བ་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། གཅིག་ནས་སྡོད་གནས་ཀྱི་མཐུན་རྐྱེན་ཞན་པའི་ཐོག་ཉིན་གང་ཆར་ཤོད་ཀྱི་རྐྱེན་པའི་དཀའ་ངལ་དང་གནམ་གཤིས་ལས་ཁང་གིས་ད་དུང་མཚན་གང་དྲག་ཆར་གཏང་རྒྱུའི་སྡོན་བརྡ་བཏང་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུའི་བྱང་ཕྱོགས་སུ་ཡོད་པའི་ཀོང་ཡོན་གྲོང་ཁྱེར་ནང་གི་གནོད་འཚེའི་རོགས་སྐྱོར་དཔོན་རིགས་ཝང་ནས་ད་རིང་གི་ས་ཡོམ་གནོད་འཚེ་དེའི་ནང་གྲོང་ཁྱེར་དེ་ཁོ་ནའི་ནང་ནས་མི་གཅིག་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་དང་མི་༢༦༢ རྨས་སྐྱོན་ཕོག་པ། གཞན་ཡང་མི་དམངས་ཀྱི་སྡོད་ཁྱིམ་སྟོང་ཕྲག་འགའ་ཤས་ཤིག་གནོད་སྐྱོན་ཕྱིན་ཡོད་པ་ངོས་འཛིན་བྱེད་པ་དང་དེའི་ནང་མང་པོ་ཞིག་ཧ་ཅང་གི་གནོད་འཚེ་ཚབས་ཆེ་བཟོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་སྐོར་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་ཡོད་པ་རེད༎