རྒྱ་ནག་ཉེན་རྟོག་པས་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་གཤག་འདུག
རྒྱ་ནག་གཞུང་གིས་བོད་མི་མང་པོའི་ཕྱི་བསྐྱོད་ལག་འཁྱེར་བེད་མེད་བཏང་བ་དང་ཁག་གཅིག་གི་ལག་འཁྱེར་མཐོང་ས་ནས་གཤག་འདུག
-
2017-01-31 -
-
-
རྒྱ་ནག་གཞུང་གིས་བོད་མི་མང་པོའི་ཕྱི་བསྐྱོད་ལག་འཁྱེར་བེད་མེད་བཏང་བ་དང་ཁག་གཅིག་གི་ལག་འཁྱེར་མཐོང་ས་ནས་གཤག་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་ནང་བོད་ནས་བལ་ཡུལ་དང་། རྒྱ་གར་བཅས་སུ་ཁྲིམས་མཐུན་གྱི་ཕྱིར་བསྐྱོད་ལག་འཁྱེར་ཐོག་གནས་མཇལ་དུ་བསྐྱོད་དེ། ཕྱིར་འཁོར་མཁན་གྱི་བོད་མི་མང་པོ་ཞིག་གི་ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་། ཡང་ན་བེད་མེད་བཟོས་པ། ཁག་གཅིག་གི་ཕྱིར་བསྐྱོད་ལག་འཁྱེར་དོ་བདག་གི་མདུན་ས་ནས་གཤག་སྟེ། ལག་འཁྱེར་བེད་མེད་བཟོས་པ་ཡིན་ལུགས་སོགས་བཤད་འདུག
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་པར། བོད་ནང་གི་བོད་མི་མང་པོ་ཞིག་གིས་དཀའ་ལས་མང་པོ་རྒྱབ་ནས་རྒྱ་ནག་གཞུང་གི་ཁྲིམས་མཐུན་གྱི་ཕྱིར་བསྐྱོད་ལག་འཁྱེར་བླངས་རྗེས་བལ་ཡུལ་དང་། རྒྱ་གར། ཐཡེ་ལེནཌ་སོགས་སུ་ཡུལ་བསྐོར་གནས་སྐོར་བྱེད་པར་བསྐྱོད་ཡོད་ཀྱང་། བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་བར་ཉེ་བའི་ལོ་སྔོན་མའི་སྤྱི་ཟླ་༡༡་ཙམ་ནས། གློ་བུར་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་སོ་སོར་ལག་འཁྱེར་ཡོད་མཁན་གནས་སྐབས་ཕྱི་ལ་བསྐྱོད་མི་ཆོག་པ་བཤད་ནས་ལག་འཁྱེར་ཕྱིར་བསྡུ་བྱས་པ་དང་། བསྐྱོད་ཟིན་པ་ཚོ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་ནང་པེ་ཅིན་དང་། ཁྲིན་ཏུའུ་སོགས་ཀྱི་གནམ་ཐང་བརྒྱུད་ཕྱིར་འཁོར་བའི་བོད་མི་ཚོའི་ཐོག་དམ་དྲག་བྱས་ཐོག་བོད་མི་མང་པོ་ཞིག་གི་ལག་འཁྱེར་ཕྱིར་བསྡུ་དང་། བེད་མེད་དུ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན། མཚོ་སྔོན་དང་། ཀན་ལྷོ་ཕྱོགས་ཀྱི་བོད་མི་མང་པོ་སོ་སོའི་ས་གནས་སུ་འབྱོར་རྗེས། རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ལ་སྐོང་འགུག་བྱས་ནས་འདྲི་རྩད་བྱས་ཐོག་ལག་འཁྱེར་སྤྱི་ཟླ་ལྔ་བ་བར་གཞུང་གིས་ཉར་རྒྱུ་ཡིན་ཚུལ་བཤད་ནས་ཕྱིར་བསྡུ་བྱས་ཡོད་འདུག
སྤྱིར་བཏང་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གི་ཁྲིམས་མཐུན་གྱི་ཕྱི་བསྐྱོད་ལག་འཁྱེར་ལེན་པར་རྒྱ་མི་རིགས་དང་མ་འདྲ་བར་འགྲོ་ལུགས་མང་པོ་བརྒྱུད་དགོས་བ་སོགས་ལག་འཁྱེར་རག་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ། ཞུ་དག་དང་བཅོས་སྐལྡན་བློ་གྲོས།