རྒྱ་གཞུང་ནས་བོད་མི་གཉིས་སྲོག་ཐོག་བཏང་བ་ཁས་ལེན་བྱས་པ།
རྒྱ་གཞུང་གིས་བོད་མི་སྲོག་ཐོག་བཏང་བའི་གནས་ཚུལ་བདེན་པ་ཡིན་པ་ངོས་ལེན་བྱས་ཀྱང་བོད་མི་གཉིས་སྲོག་ཐོག་བཏང་བའི་གསལ་བསྒྲགས།
-
2009-10-27 -
-
-
༄༅༎རྒྱ་ནག་གཞུང་གིས་ཉེ་ཆར་བོད་མི་སྲོག་ཐོག་བཏང་བའི་གནས་ཚུལ་བདེན་པ་ཡིན་པ་ངོས་ལེན་བྱས་ཡོད་ཀྱང་བོད་མི་གཉིས་སྲོག་ཐོག་བཏང་བའི་གསལ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ན་ནིང་བོད་ཆོལ་ཁ་གསུམ་ནང་དུ་སྤེལ་བའི་ལས་འགུལ་དེའི་ནང་མི་ཉི་ཤུ་རྩ་གཉིས་རྐྱེན་ལམ་དུ་ཕྱིན་པའི་བསྡོམས་རྩིས་བཏོན་པ་དང་ད་རེས་ཉེ་ཆར་དོན་རྐྱེན་དེའི་ནང་ཐེ་ཇུས་ཡོད་པའི་བོད་མི་སྲོག་ཐོག་བཏང་བ་དེ་ནི་ན་ནིང་གི་དོན་རྐྱེན་གྱི་ཐོག་ནས་སྲོག་ཐོག་བཏང་བ་ཐེངས་དང་པོ་ཡིན་པ་ངོས་ལེན་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བའི་ནང་བོད་མི་གཉིས་སྲོག་ཐོག་བཏང་བའི་གནས་ཚུལ་ངེས་གཏན་ཡིན་པ་གསལ་བསྒྲགས་བྱས་ཡོད་ཀྱང་བོད་མི་དེ་གཉིས་སུ་ཡིན་མིན་གྱི་མིང་དང་སྡོད་གནས་སོགས་གང་ཡང་གསལ་བསྒྲགས་བྱས་མེད་པའི་ཁར་ཉེ་ཆར་ཕྱི་ཟླ་དགུ་པའི་ནང་བོད་དུ་འཚམས་འདྲིར་ཕེབས་མྱོང་མཁན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་བཞི་སྲོག་ཐོག་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་རེད་ཅེས་དགག་ལན་སྤེལ་ཡོད་པ་རེད།
ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དགུ་བཅུ་གསུམ་ཚོགས་པས་འདོན་སྤེལ་གནང་བའི་གསལ་བསྒྲགས་ནང་ཕྱི་ཚེས་ཉི་ཤུའི་ཉིན་གྱི་སྔ་དྲོའི་ཚོུད་བཅུ་གཅིག་ཐོག་ལ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་བོད་མི་བཞི་སྲོག་ཐོག་བཏང་བའི་གནས་ཚུལ་སྤེལ་ཡོད་པ་རེད། ཡིན་ནའང་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲུ་ཤུ་ཀྱིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་ཉེས་ཅན་པ་གཉིས་སྲོག་ཐོག་བཏང་བ་རེད་ཅེས་བཤད་པ་དང་དེ་ཡང་རྒྱ་ནག་གི་ཁྲིམས་ལུགས་དཔོན་རིགས་ཚོས་ཁྲིམས་ལུགས་ཀྱི་འགྲོ་ལུགས་བཞིན་ཐག་གཅོད་བྱས་པ་རེད་ཅེས་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་མི་དེ་གཉིས་ལ་ན་ནིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་ནང་ཐེ་ཇུས་ཡོད་པའི་ཉེས་འཛུགས་ཀྱིས་ཉེ་ཆར་ཕྱི་ཟླ་བཞི་པའི་ནང་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་དེའི་ནང་ནས་བློ་བཟང་རྒྱལ་མཚན་ལགས་སུ་གྱོན་ཆས་ཚོང་ཁང་ཞིག་མེར་བསྲེགས་བཏང་སྟེ་ཚོང་ཁང་གི་བདག་པོ་རྐྱེན་ལམ་དུ་ཕྱིན་པའི་ནག་ཉེས་དང་ལོ་ཡག་ལགས་སུ་མོ་ཊ་བག་བག་གི་ཚོང་ཁང་ཞིག་ལ་མེ་བརྒྱབ་ཏེ་དེའི་ནང་དུ་མི་ལྔ་རྐྱེན་ལམ་ཕྱིན་པའི་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་རེད།