རྒན་ཡོལ་ཞུས་ཟིན་པ་ཚོ་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག
རྒྱ་ནག་གཞུང་གིས་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་བཀའ་བཏང་ཡོད་པ།
-
2016-02-05 -
-
-
རྒྱ་ནག་གཞུང་གིས་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་བཀའ་བཏང་ཡོད་པ།
དེ་ཡང་རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས། ཕྱི་ཚེས་༥ཉིན་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་ཚོའི་ལས་དོན་སྐོར་གྱི་བསམ་འཆར་ཡིག་ཆ་ཟེར་བ་ཞིག་ཐོག་མ་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་སྐོར་ལ་རྒྱ་ནག་སྒྲིག་འཛུགས་ལྷན་ཁང་གི་འབྲེལ་ཡོད་འགན་འཛིན་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་པའི་ནང་། བསམ་འཆར་ཡིག་ཆ་དེའི་ནང་རྒན་ཡོལ་ཞུས་ཟིན་པའི་རྒྱ་ནག་གུང་ཁྲན་ཚོགས་པའི་ལས་བྱེད་ཚོས་བསམ་བློ་དང་། ཆབ་སྲིད་ལངས་ཕྱོགས་རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕེན་གྱིས་དབུ་ཁྲིད་པའི་གུང་ཁྲན་ཚོགས་པ་དང་གཅིག་འགྱུར་བྱ་དགོས་ལུགས་དང་། དེ་བཞིན་ཡིག་ཆ་དེའི་ནང་རྒན་ཡོལ་ཞུས་ཟིན་པའི་གུང་ཁྲན་ཚོགས་པའི་ཚོགས་མི་ལས་བྱེད་ཚོར་དོན་ཚན་དྲུག་གི་དགོས་འདུན་བཏོན་ཡོད་པའི་ནང་། གུང་ཁྲན་ཚོགས་པའི་ཆབ་སྲིད་སྒྲིག་ཁྲིམས་ལ་སྲུང་བརྩི་ཞུ་དགོས་པ་དང་། ཆོས་ལུགས་ལ་དད་པ་བྱ་མི་ཆོག་པ་མ་ཟད་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ལ་ཡང་ཞུགས་མི་ཆོག་པ་སོགས་འཁོད་ཡོད་པ་བརྗོད་འདུག
རྒྱ་ནག་དབུས་གཞུང་གིས་རྒྱ་ནག་གུང་ཁྲན་ཚོགས་པའི་ལས་བྱེད་རྒན་ཡོལ་ཞུས་ཟིན་པ་ཚོར་དམིགས་ནས་སྤེལ་བའི་བསམ་འཆར་ཡིག་ཆ་ཟེར་བ་དེ་བཞིན་༡༩༨༢ལོར་རྒྱ་ནག་ནང་ལས་བྱེད་རྒན་རབས་རྒན་ཡོལ་ལམ་ལུགས་ཟེར་བ་གསར་གཏོད་བྱས་པའི་རྗེས། རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རྒྱ་ནག་སྒྲིག་འཛུགས་ལྷན་ཁང་གཉིས་ཀྱི་མིང་ཐོག་ནས་རྒན་ཡོལ་ཞུས་ཟིན་པའི་གུང་ཁྲན་ཚོགས་པའི་ཚོགས་མི་ལས་བྱེད་ཚོར་དམིགས་པའི་ཡིག་ཆའི་རིགས་འགྲེམས་སྤེལ་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པར་བརྟེན་གནད་དོན་དེའི་ཐོག་རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཁག་གིས་ཀྱང་གནས་ཚུལ་མང་དག་ཞིག་སྤེལ་ཡོད་པ་རེད།
རྒྱ་ནག་གི་གཞི་རྩའི་རྩ་ཁྲིམས་ནང་རྒྱ་ནག་གི་སྤྱི་འབངས་ཚོར་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་ཡོད་ལུགས་ཁ་གསལ་འཁོད་ཡོད་ཀྱང་རྩ་ཁྲིམས་དེ་ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་དོན་དངོས་ལག་བསྟར་བྱེད་ཡ་དེ་གོང་ཞུས་རྒྱ་ནག་གུང་ཁྲན་གཞུང་གིས་བཏོན་པའི་ཡིག་ཆ་དེ་རིགས་ལ་གཞི་བཞག་ནས་ལས་དོན་སྤེལ་གྱི་ཡོད་པ་རེད།
གསར་འགོད་པ་འཆི་མེད།