ཀིརྟི་དགོན་པའི་དགེ་འདུན་པ་གསུམ་གྱི་ཐོག་ཁྲིམས་གཅོད་བྱ་རྒྱུ།
རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་གྱི་ཐོག་མི་བསད་པའི་ཉེས་འཛུགས་ཀྱིས་ཁྲིམས་གཅོད་བྱ་རྒྱུ་ཡིན་འདུག
-
2011-08-27 -
-
-
༄༅༎བོད་བྱང་ཤར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཆེད་རང་ལུས་མེ་བསྲེག་བཏང་ཏེ་རྐྱེན་འདས་སུ་གྱུར་བའི་དོན་རྐྱེན་དེ་དང་འབྲེལ་བ་ཡོད་ལུགས་བཤད་དེ་ རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་གྱི་ཐོག་མི་བསད་པའི་ཉེས་འཛུགས་ཀྱིས་ཁྲིམས་གཅོད་བྱ་རྒྱུ་ཡིན་འདུག དེ་ཡང་རྒྱ་ནག་གཞུང་གཉེར་ཤིན་ཧུའ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལམ་ཉེས་འཛུགས་བྱས་པའི་དགེ་འདུན་པ་དེ་དག་ནི། ཚེ་རིང་བསྟན་འཛིན་དང༌། བསྟན་ཆུང༌། དོན་གྲུབ་ཞུ་བ་གསུམ་ཡིན་པ་དང༌། ཁོང་གསུམ་གྱི་ནང་ནས། ཚེ་རིང་བསྟན་འཛིན་དང༌ བསྟན་ཆུང་གཉིས་ཀྱིས། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༡༦ ཉིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་གྱི་སྔ་རྗེས་ཇུས་འགོད་དང་ངར་སློང་བྱེད་མཁན་ཡིན་པ་དང༌། དོན་གྲུབ་ལགས་ཀྱིས་མེར་བསྲེག་བཤོར་བའི་ཕུན་ཚོགས་ལགས་ས་གནས་གཞན་དུ་འཁྲིད་དེ་ ཆུ་ཚོད་ ༡༡ ཙམ་རིང་སྦས་སྐུམ་གྱིས་ དུས་ཐོག་ཛ་དྲག་གི་སྨན་བཅོས་ཐོབ་མ་བཅུག་པར་བརྟེན། འདི་ཚེས་ ༢༢ དང་ ༢༣ ཉིན་རྔ་པ་དམར་ཁམས་རྫོང་གི་ཁྲིམས་ཁང་ཞིག་ཏུ་ དགེ་འདུན་པ་གསུམ་པོ་དེ་དག་གི་ཐོག་མི་བསད་པའི་ནག་ཉེས་ཀྱི་ཁྲིམས་གཅོད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག