༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤྲི་ལངྐར་གདན་འདྲེན་ཞུ་རྒྱུར་རྒྱ་ནག་གིས་འགོག་རྐྱེན་བཟོ་གི་འདུག་ཅེས་གསུངས་འདུག

༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ནང་པའི་དབུ་ཁྲིད་ཅིག་རེད་ལ། འཛམ་གླིང་ཀུན་གྱིས་གུས་བརྩི་ཞུ་ཡུལ་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་རེད་གསུངས་འདུག

དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤྲི་ལངྐའི་རྒྱལ་ཁབ་ནང་གདན་འདྲེན་ཞུ་རྒྱུར་རྒྱ་ནག་གིས་འགོག་རྐྱེན་བཟོ་གི་འདུག་ཅེས་ཤྲི་ལངྐའི་ནང་པའི་དབུ་ཁྲིད་ཅིག་གིས་གསུངས་འདུག
དེ་ཡང་ཤྲི་ལང་ཀའི་ནང་པའི་ཆོས་དཔོན་ Dr. Waskaduwe Mahindawansa མཆོག་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྟོན་པའི་རིང་བསྲེལ་ཕུལ་བར་བཞུགས་སྒར་རྡ་རམ་ས་ལར་བཅར་བའི་སྐབས་ལམ་བར་དུ་རྒྱ་གར་རྒྱལ་ས་ལྡི་ལིར་ WION ཞེས་པའི་གསར་འགྱུར་ལས་ཁང་གིས་བཅར་འདྲི་ཞུས་པའི་བཀའ་ལན་གནང་པའི་ནང་དུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ནང་པའི་དབུ་འཁྲིད་ཅིག་རེད་ལ། འཛམ་གླིང་ཀུན་གྱི་གུས་བརྩི་ཞུ་ཡུལ་གྱི་སྐྱེས་བུ་ཆེན་པོ་ཞིག་ཀྱང་རེད་ཅེས་དང་། ང་ཚོས་ཤྲི་ལང་ཀའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་རྒྱུར་གདན་ཞུ་ཕུལ་ཡོད་པ་དེར་རྒྱ་ནག་གིས་ང་ཚོའི་གཞུང་ལ་གནོན་ཤུགས་སྤྲད་དེ་འགོག་རྐྱེན་བཟོས་ཡོད་ཅེས་གསུངས་འདུག
ཁོང་གིས་ད་དུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ཕྱོགས་གང་དུ་ཆིབས་སྒྱུར་མཛད་ནའང་རང་དབང་རེད་ལ། ང་ཚོས་ཁོང་ལ་གདན་འདྲེན་ཞུ་རྒྱུའི་གསོལ་འདེབས་ཞུ་རྒྱུའང་ང་ཚོ་རང་ཉིད་ལ་དབང་བའི་རང་དབང་རེད་ཅེས་གསུངས་འདུག
ཤྲི་ལངྐའི་བླ་ཆེན་ Dr. Mahindawansa ཁོང་ད་རེས་རྡ་རམ་ས་ལར་ཆེད་བཅར་ཞུས་ཏེ་རྩ་བ་ཆེན་པོ་དང་དཀོན་པའི་རང་བཞིན་དུ་ངོས་འཛིན་ཞུ་བཞིན་པ་སྟོན་པའི་རིང་བསྲེལ་ཞིག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཀྱི་མ་རེད་དམ་ཞེས་པའི་དྲི་བར་ལན་འདེབས་གནང་སྐབས། ཁོང་གིས་ནང་ཆོས་དང་ནང་པའི་ལྟ་གྲུབ་ནི་རྒྱ་གར་ནས་དར་བ་ཞིག་རེད་ལ། རྒྱ་གར་གྱི་རྒྱལ་པོ་ Ashoka (ཆོས་རྒྱལ་མྱ་ངན་མེད་) ཀྱི་སྲས་དང་སྲས་མོ་གཉིས་བརྒྱུད་ནས་ཤྲི་ལངྐའི་ནང་དུ་ནང་ཆོས་དར་ཁྱབ་བྱུང་བ་ཞིག་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གི་ནང་པའི་དབུ་འཁྲིད་ཅིག་རེད་ལ། ང་ཚོས་སྟོན་པ་ཐུབ་པའི་དབང་པོའི་ལོ་རྒྱུས་ཅན་གྱི་རིང་བསྲེལ་འགའ་ཤས་ཡོད་པའི་ནང་ནས་ཁོང་ལ་ད་རེས་འབུལ་ལམ་ཞུ་བར་བཅར་བ་ཡིན། གུས་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེངས་མང་པོ་མཇལ་མྱོང་ཡོད་ཅེས་གསུངས་ཏེ་ད་རེས་བཞུགས་སྒར་རུ་བཅར་བའི་དགའ་དད་སྤྲོ་གསུམ་གྱི་མྱོང་ཚོར་རྣམས་འགྲེལ་བཤད་བསྐྱོན་གནང་འདུག

ཡང་ཕྱི་ལོ་༢༠༢༢ སྤྱི་ཟླ་༡༢པའི་ཚེས་༢༨ཉིན་ཤྲིལང་ཀའི་ནང་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ་༧གོང་ས་མཆོག་ཤྲི་ལང་ཀའི་ནང་གནས་གཟིགས་དང་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུའི་ཆེད་དུ་༧ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་ཡོད་ནའང་། རྒྱ་ནག་གི་གཞུང་ཚབ་ཁང་གིས་༧གོང་ས་ཏྭ་ལའི་བླ་མ་ཤྲི་ལང་ཀའི་ནང་གནས་གཟིགས་ལ་གདན་ཞུ་ཕུལ་ནས་ཕེབས་འཇུག་པ་ཡིན་ན། ཤྲི་ལངྐ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ལ་གནོད་སྐྱོན་ཆེན་པོ་ཡོང་སྲིད་པའི་ཉེན་བརྡ་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org