གཞིས་ཀ་རྩེ་བར་རི་ལིའི་ལྕགས་ལམ་གྱི་ལས་གཞི་འགོ་བཙུགས།
རྒྱ་ནག་གཞུང་གིས་༢༠༠༧ནང་བཟོ་སྐྲུན་བྱས་པའི་རི་ལིའི་ལྕགས་ལམ་དེ་བཞིན་སླད་ཕྱིན་ལྷ་ས་ནས་གཞིས་ཀ་རྩེ་བར་འཐུད་རྒྱུའི་ལས་གཞི།
-
2010-09-26 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་བར་ཕྱི་ལོ་༢༠༠༧བར་བཟོ་སྐྲུན་བྱས་པའི་རི་ལིའི་ལྕགས་ལམ་དེ་བཞིན་སླད་ཕྱིན་ལྷ་ས་ནས་གཞིས་ཀ་རྩེ་བར་འཐུད་རྒྱུའི་ཆེད་དུ་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་གཉིས་ཙམ་འགྲོ་གྲོན་བཏང་སྟེ་རི་ལིའི་ལྕགས་ལམ་འཛུགས་རྒྱུའི་ལས་གཞི་ཞིག་ཁ་ས་གཟའ་ཉི་མའི་ཉིན་འགོ་བཙུགས་ཡོད་པ་རེད་ རྒྱ་ནག་གི་རི་ལིའི་བློན་ཆེན་ལིའུ་ཀྲི་ཅུན་གྱིས་བརྗོད་གསལ་ལྟར་ན་ ལྷ་ས་ནས་གཞིས་ཀ་སྩེ་བར་རི་ལིའི་ལྕགས་ལམ་གསར་འཛུགས་བྱས་པའི་བག་ཆགས་ལ་བརྟེན་ནས་ལྷ་ས་དང་གཞིས་ཀ་སྩེ་བར་འགྲིམ་འགྲུལ་སོགས་ཀྱི་སླད་དུ་ རི་ལིའི་ལྕགས་ལམ་གསར་རྒྱག་བྱས་ཏེ་ པན་ཆེན་རིན་པོ་ཆེའི་གཏེ་གནས་བཀྲ་ཤིས་ལྷུན་པོ་ཆགས་ཡུལ་གཞིས་ཀ་སྩེའི་དབར་ཡུལ་བསྐོར་སྤྲོ་འཆམ་གྱི་ཁེ་ལས་ཐོག་ལ་ནུས་ཤུགས་འཕེལ་རྒྱུ་དང་ རི་ལིའི་ལྕགས་ལམ་གྱི་གཡས་ཡོན་ཁུལ་གྱི་རང་འབྱུང་གི་གཏེར་རྣམས་བེད་གཅོད་ཚུལ་དང་མཐུན་པ་བྱ་རྒྱུར་ལེགས་སྐྱེད་ཆེན་པོ་འཇོག་ཐུབ་རྒྱུ་ཡིན་པ་རེད་ འགྲུལ་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་སྤེལ་ལས་ཁང་གིས་ལུང་འདྲེན་བྱས་དོན་ལྟར་ལིའུ་ ཤིང་ཧ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་ཀྱང་བོད་མི་ཚོས་མདོ་དབུས་རི་ལིའི་ལྕགས་ལམ་དེ་ནི་རྒྱ་ནག་གི་ཁེ་ཕན་ཁོ་ན་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རི་ལིའི་ལྕགས་ལམ་རྒྱ་བསྐྱེད་ལས་གཞི་དེ་ནི། བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བར་ལམ་ཐག་ཀི་ལོ་མི་ཊར་ཉིས་སྟོང་ལྔ་བརྒྱ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང༌། འཛུགས་སྐྲུན་གྱི་ལས་གཞི་དེ་ལོ་བཞི་ནང་འགྲུབ་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་མདོ་དབུས་ལྕགས་ལམ་འཛུགས་སྐྲུན་བྱས་ཏེ་༢༠༠༦ལོའི་ཕྱི་ཟླ་བདུན་པའི་ཚེས་༡ཉིན་འགྲིམས་འགྲུལ་གཏོང་འགོ་བཙུགས་པ་ནས་ད་བར་མི་ལོ་བཞི་ཕྱིན་པའི་རྗེས་གཞིས་ཀ་རྩེ་བར་ལྕགས་ལམ་རྒྱ་བསྐྱེད་ལས་གཞི་འགོ་བཙུགས་བྱས་པ་ཐོག་མ་དེ་ཡིན་ཞིང༌། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་རི་ལིའི་ལྕགས་ལམ་རྒྱ་བསྐྱེད་ཀྱི་ལས་གཞི་དེར་སྔོན་རྩིས་འགྲོ་གྲོན་ཨ་རིའི་ཊོ་ལར་ཐེར་འབུམ་གཉིས་ཙམ་འཆར་གཞི་ཡིན་པ་དང༌། ལོ་གཅིག་ལ་ལྕགས་ལམ་དེའི་ཐོག་སྐྱེལ་འདྲེན་ཀྲོན་ས་ཡ་བརྒྱ་ལྷག་བྱེད་ཐུབ་པའི་འཆར་འགོད་བྱས་ཡོད་པ་རེད།
རྒྱ་ནག་གི་རི་ལིའི་བློན་ཆེན་ལིའུ་ཀྲི་ཅུན་གྱིས་ཤིང་ཧ་གསར་འགོད་པར། ལྷ་ས་ནས་གཞིས་ཀ་རྩེ་བར་རི་ལིའི་ལྕགས་ལམ་གསར་པ་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་རི་ལིའི་ལྕགས་ལམ་རྒྱ་ཆེ་རུ་གཏོང་རྒྱུའི་དུས་ཡུན་རིང་བ་དང་དུས་ཐུང་གི་འཛུགས་སྐྲུན་འཆར་གཞིའི་ནང་གི་གཙོ་གནད་ཅིག་ཡིན་པ་དང༌། ལྕགས་ལམ་དེ་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་མྱུར་པོ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཤད་ཡོད་ཅིང༌། ཡིན་ནའང་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་རི་ལིའི་ལྕགས་ལམ་བཟོ་སྐྲུན་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་འཛིན་ཡོད་པ་དང༌།ལྷག་པར་དུ་རི་ལི་དེ་བརྒྱུད་རྒྱ་མི་རིགས་བོད་ནང་འཛུལ་རྒྱུ་སྟབས་བདེ་བའི་ཆ་རྐྱེན་སྐྲུན་ཏེ་བོད་ནང་རྒྱ་མི་ཕོན་ཆེ་གནས་སྤོ་བྱེད་པ་དང་བོད་མི་ཚོའི་ལས་ཀའི་ཐོབ་ཐང་རྒྱ་མི་ཚོར་སྤྲོད་པ་མ་ཟད། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།