རྒྱལ་སྟོན་རིང་བོད་དུ་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་བཀག་སྡོམ།

རྒྱ་ནག་དམར་པོའི་གཞུང་བཙུགས་ཏེ་ལོ་ངོ་༦༠འཁོར་བའི་དུས་ཆེན་མ་ཚར་བར་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་གཏོང་རྒྱུ་བཀག་འགོག

༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་བཅུ་པའི་ཚེས་གཅིག་སྟེ་རྒྱ་ནག་དམར་པོའི་གཞུང་བཙུགས་ཏེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་མ་ཚར་བར་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་གཏོང་རྒྱུ་བཀག་འགོག་བྱེད་རྒྱུ་ཡིན་འདུག

ཕེ་རན་སི་གསར་ལས་ཁང་ལ་ལྷ་ས་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་མིང་འབོད་བྱ་འདོད་མེད་པའི་ལས་བྱེད་པ་བེུད་ཅིག་གིས་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་བོད་ནང་འཛུལ་ཆོག་པའི་ལག་འཁྱེར་ཁག་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་བཞི་ནས་བཅུ་པའི་ཚེས་བརྒྱད་བར་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པའི་བཀའ་རྒྱ་ཞིག་བོད་ཀྱི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ནས་འབྱོར་ཡོད་པ་འགྲེལ་བརྗོད་བྱས་འདུག

ད་དུང་བེུད་ལས་བྱེད་པ་དེས་བཀའ་རྒྱ་དེའི་ནང་ལག་འཁྱེར་སྤྲོད་རྒྱུར་དམ་བསྒྲགས་བྱེད་དགོས་དོན་ཇི་ཡིན་ལ་སོགས་པའི་རྒྱུ་མཚན་གང་ཡང་གསལ་འཁོད་མེད་པ་ཡང་བརྗོད་ཡོད་པ་རེད།

ཕེ་རན་སི་གསར་ལས་ཁང་གིས་བོད་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ལ་འདིའི་སྐོར་སྐད་ཆ་དྲིས་ཀྱང་གསལ་བཤད་གང་ཡང་བྱས་མིན་འདུག་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་འགྲིམ་གྲུལ་ལས་ཁང་ཁག་ཅིག་གིས་དམ་བསྒྲགས་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཟིན་པ་བརྗོད་འདུག དཔེར་ན་བོད་ཀྱི་གཞོན་ནུ་འགྲིམ་གྲུལ་ལས་ཁང་ཟེར་བ་དེའི་ལས་བྱེད་པ་བེུད་ཅིག་གིས་བོད་ལྗོངས་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ནས་བཀའ་རྒྱ་འབྱོར་བ་གཞིར་བཟུང་ཕྱི་རྒྱལ་གྱི་ཡུལ་མིར་བོད་དུ་ཡོང་ཆོག་པའི་ལག་འཁྱེར་དེ་གཟའ་ཟླ་བ་ནས་སྤྲོད་རྒྱུ་མཚམས་འཇོག་བྱེད་འགོ་ཚུགས་ ཟིན་པ་དང་བཀའ་རྒྱ་དེའི་ནང་ཕྱི་ཟླ་བཅུ་པའི་ཚེས་བརྒྱད་བར་ཕྱི་མི་སུ་ལ་ཡང་ལག་འཁྱེར་སྤྲོད་རྒྱུ་མིན་པ་འཁོད་ཡོད་པ་འགྲེལ་བརྗོད་བྱས་འདུག

བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་འགྲོ་མཁན་ཚོར་རྒྱ་ནག་གཞུང་ནས་དམིགས་བསལ་གྱི་ལག་འཁྱེར་ཞིག་ཞུ་དགོས་ཀྱི་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་གྱི་ནང་རྒྱ་ནག་དམར་པོའི་གཞུང་བཙུགས་ཏེ་ལོ་དྲུག་བཅུ་འཁོར་བའི་དུས་ཆེན་དེ་གྲ་རྒྱས་ཀྱི་ངང་སྲུང་བརྩི་བྱེད་འཆར་ཡོད་པ་དང་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་ནང་ཁ་སྣོན་འགྲེམས་འཇོག་བྱས་ཡོད་འདུག་ཅིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་པར་གཞིགས་ན་དུས་ཆེན་སྲུང་བརྩི་བྱེད་པར་རིང་པེ་ཅིང་གནམ་གྲུའི་བབས་ཐང་ནས་གནམ་གྲུ་འཕུར་འོང་མཚམས་འཇོག་བྱེད་རྒྱུ་དང་འདས་པའི་ཉིན་གྲངས་འགའ་ཤས་ནས་བཟུང་ཚོང་ཁང་ཁག་གི་ནང་ཐབ་ཚང་གི་གྲི་ལ་སོགས་པ་བཙོང་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org