རང་ལུས་མེར་བསྲེག་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད།
རྒྱ་གཞུང་གིས་བོད་ནང་རང་ལུས་མེད་བསྲེག་བཏང་བའི་ལས་འགུལ་སྤེལ་མཁན་བྱུང་བ་དེ་ནི་ཏྰ་ལའི་རུ་ཚོགས་ཀྱི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད།
-
2011-10-11 -
-
-
༄༅༎བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་་ལ་ངོ་རྒོལ་ཆེད་རང་ལུས་མེད་བསྲེག་བཏང་བའི་ལས་འགུལ་རིམ་པ་སྤེལ་མཁན་བྱུང་བ་དེ་ནི་ཏྰ་ལའི་རུ་ཚོགས་ཀྱི་བྱ་སྤྱོད་རེད་ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་ཡང་བར་ལམ་ཕྱི་ཟླ་གསུམ་པའི་ཚེས་༡༦ ནས་འགོ་བཙུགས་ཏེ་བོད་ཀྱི་མདོ་སྨད་རྔ་པ་ཁུལ་དུ་བོད་མི་སྐྱ་སེར་ལྔ་དང་ཁམས་རྟའུ་ཁུལ་གྱི་ཉ་མཚོ་དགོན་པའི་དགེ་འདུན་པ་གཅིག་བཅས་ནས་རང་ལུས་མེ་བསྲེགས་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་བརྟེན། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་པེ་ཅིང་དུ་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ལྦེ་མིན་གྱིས་བཤད་དོན། ཏྰ་ལའི་རུ་ཚོགས་ཀྱིས་དོན་རྐྱེན་དེ་དག་ཐོག་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་དུང་ཡང་བྱ་སྤྱོད་དེ་རིགས་བྱ་དགོས་པའི་སྤྱི་ཚོགས་ཐོག་སྐུལ་སློང་བྱེད་ཀྱི་ཡོད་པ་རེད་ཅེས་དང༌། རང་ལུས་མེད་བསྲེག་བཏང་བ་དེ་ནི། བོད་ནང་དུ་འཛིན་བཞིན་པའི་རྒྱ་ནག་གཞུང་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་པའི་དྲག་པོའི་བྱ་སྤྱོད་ཅིག་ཡིན་ཞིང༌། བྱ་སྤྱོད་དེ་ཡིས་འགྲོ་བ་མིའི་བཟང་སྤྱོད་དང་འགལ་འཛོལ་བྱས་པ་མ་ཟད། ལྷག་པར་དུ་ནང་པའི་ལྟ་གྲུབ་དང་འགལ་འཛོལ་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད། ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་མུ་མཐུད་སྤེལ་བའི་ནང༌། འདས་པའི་གཟའ་འཁོར་གཉིས་ནང་དུ་བོད་ཀྱི་མདོ་སྨད་རྔ་པ་ཁུལ་དུ་བོད་མི་ལྔ་ཡིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་བྱུང་ཡོད་ཅིང༌། བོད་མི་དེ་རྣམས་ཀྱིས་རང་ལུས་མེ་བསྲེག་གཏོང་དགོས་དོན་ནི། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་དང༌། ལྷག་པར་དུ་བོད་མིའི་ཚོའི་དབུ་ཁྲིད་༧གོང་ས་ཏླ་ལའི་བླ་མ་མཆོག་ལ་རྒྱ་ནག་གཞུང་གིས་མཚན་དམོད་དང་སྐྱོན་བརྗོད་ཞུ་གི་ཡོད་པ་དེར་མི་འདོད་པའི་ངོ་རྒོལ་བྱེད་པའི་རྣམ་པ་ཐོན་ཡོད་ཅིང༌། དེ་བཞིན་རྔ་པའི་ཁུལ་དེ་ནི་འདས་ཟིན་པའི་དུས་ཚོད་ནང་རྒྱ་ནག་གཞུང་ལ་ངོ རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་རིམ་པ་བྱུང་ཡོད་པ་དང༌། མང་པོ་ཞིག་གིས་༧གོང་ས་ཏླའི་བླ་མ་མཆོག་ལ་དད་གུས་ཆེན་པོ་ཡོད་པ་བརྟེན་ནས་རྒྱ་ནག་གཞུང་གི་དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་དགེ་འདུན་པ་ཚོར་བསུན་བཙིར་ཆེན་པོ་བཟོས་པ་མ་ཟད། བཙན་དབང་གི་སྒོ་ནས་༧གོང་ས་ཏླ་ལའི་བླ་མ་མཆོག་ལ་མཚན་དམོད་་་ཞུ་རུ་བཅུག་པ་དེར་མི་འདོད་པར་དགེ་འདུན་པའི་ཁྲོད་ནས་ངོི་རྒོལ་བྱེད་མཁན་མང་པོ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།