རྒྱ་ནག་གི་པན་ཆེན་བརྒྱུད་ལམ་ཁག་ཐོག་འདོན་དུ་བཅུག་པ།
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལག་ཆར་བེད་སྤྱོད་གཏོང་གི་ཡོད་སྐོར།
-
2009-03-27 -
-
-
༄༅༎རྒྱ་ནག་གཞུང་གིས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་དེ་སྔ་ཡིན་ན་སྤྱི་ཚོགས་ཐོག་ཐོན་རྒྱུ་ཧ་ཅང་གི་ཉུང་ཉུང་ཡིན་ཡང་བར་ལམ་གཅིག་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདོན་དུ་བཅུག་ཏེ་དོན་དངོས་ཐོག་ཁོང་དེང་སྐབས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པའི་སྐོར་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་མི་དམངས་ཚོགས་ཁང་ནང་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་ཡར་ལངས་ཞིང་བྲན་བཅིངས་བཀྲོལ་བཏང་བ་ཡིན་ཟེར་བའི་བོད་ཀྱི་ཞིང་བྲན་ལམ་ལུགས་མཇུག་སྒྲིལ་ནས་མི་ལོ་ལྔ་བཅུ་འཁོར་བའི་འགྲེམས་སྟོན་ཐོག་དེ་རིང་རྒྱལ་མཚན་ནོར་བུ་ཞུགས་པ་དང་སྐབས་དེར་ཁོང་ལ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་གིས་བཅར་འདྲི་བྱེད་སྐབས་ཁོང་གིས་རྒྱ་ནག་གུང་ཁྲན་ཏང་ལ་དགའ་ཞེན་ཡོད་པའི་སྐད་ཆ་བཤད་ཡོད་པ་རེད། དུས་ཡུན་རིང་པོ་ནས་ཏཱ་ལའི་ཁ་བྲལ་ཕྱོགས་ཁག་གིས་བོད་ཀྱི་ཡར་རྒྱས་རྣམ་པར་དོ་སྣང་མ་བྱས་པར་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་གྱི་འཆར་གཞི་བཏིང་ནས་རྒྱ་ནག་དབུས་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་དང་བོད་ཀྱི་སྤྱི་ཚོགས་རྙིང་པའི་ལམ་ལུགས་ཧ་ཅང་གི་རྗེས་ལུས་དང་མུན་ནག་ཞིག་ཡིན་པ་དང་གུང་ཁྲན་ཏང་བོད་ལ་སླེབས་ཏེ་བོད་ལ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་མ་འོངས་པར་སྔར་བས་མདུན་ལམ་ཆེ་བ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་གི་རེད་ཅེས་བཤད་ཡོད་པ་རེད། ཕེ་རན་སི་ནང་བཞུགས་མཁན་བོད་རིག་པའི་མཁས་དབང་མཁར་རྨེ་བསམ་གཏན་ལགས་ཀྱིས་ཕེ་རན་སི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་རྒྱ་ནག་གཞུང་ཕྱོགས་ནས་བསྐོ་བཞག་བྱས་པའི་པན་ཆེན་གྱི་ཡང་སྲིད་རྒྱལ་མཚན་ནོར་བུ་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་དང་བོད་མི་དམངས་ཀྱིས་ཁོང་ངོས་ལེན་བྱེད་ཐབས་མེད་པ་རེད་ཅེས་གསུང་ཡོད་པ་རེད།