རྒྱ་ནག་ཏུ་ཨེ་ཙིའི་ནད་པར་ལྟ་སྟངས་སྐོར།

རྒྱ་ནག་ནང་དུ་ཨེ་ཙི་ནད་པར་སྤྱི་ཚོགས་ཐོག་མཐོང་ཆུང་དང་མིང་ཆད་བཟོ་ཐབས་ཀྱི་དབྱེ་འབྱེད་བྱེད་མཁན་ཇེ་མང་དུ་འགྲོ་བའི་གནས་ཚུལ།

༄༅།།དེ་རིང་རེས་གཟའ་པ་སངས་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོིགས་ཀྱིས་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་པའི་ནང། རྒྱ་ནག་ནང་དུ་ཨེ་ཙི་ནད་པར་སྤྱི་ཚོགས་ཐོག་མཐོང་ཆུང་དང་མིང་ཆད་བཟོ་ཐབས་ཀྱི་དབྱེ་འབྱེད་བྱེད་མཁན་ཇེ་མང་དུ་འགྲོ་བ་མ་ཟད། མཐའ་ན་སྨན་ཁང་གི་ལས་ཀ་བྱེད་མཁན་ཚོས་ཀྱང་ཁོང་ཚོར་ལག་པ་མི་འཕྱང་བ་དང་འབྲེལ་གཏུགས་མི་བྱེད་པའི་དབྱེ་འབྱེད་ཀྱི་བལྟ་སྟངས་འཛིན་གྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་འགོས་ནད་ལས་ཁང་གཉིས་ཀྱིས་རྒྱ་ནག་ནང་དུ་ད་ཡོད་ཨེ་ཙི་ནད་པ་ཁྱོན་དགུ་ཁྲི་བདུན་སྟོང་ནས་ཆིག་འབུམ་ཆིག་ཁྲི་ཉིས་སྟོང་བར་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་དུ་ཨེ་ཙི་ནད་པ་བརྒྱ་ཆ་བཞི་བཅུ་ལྷག་ལ་ཞིབ་འཇུག་བྱས་པའི་སྐབས་ནད་པ་མང་ཆེ་བས། ཁོང་ཚོར་འགོད་ནད་དེ་ཡོད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་དབྱེ་འབྱེད་ཀྱི་ཁྱད་གསོད་བྱེད་ཀྱི་ཡོད་པའི་གནས་ཚུལ་བཤད་མཁན་དང། ཡང་ཁག་ཅིག་གིས་སྨན་ཁང་ནས་སྨན་བཅོས་མི་བྱེད་པའི་དབྱེ་འབྱེད་ཀྱི་བལྟ་སྟངས་འཛིན་གྱི་ཡོད་པའི་སྐོར་གྱི་དཀའ་ངལ་བཤད་ཡོད་པ་རེད། དེ་ཡང་རྒྱ་མི་རིགས་ཨེ་ཙི་ནད་པ་ཡུའུ་ཤུའན་ཟེར་བས་གསར་འགོད་ལྷན་ཚོགས་ཐོག་ལ་ཁོང་གི་གྲོགས་པོ་ཨེ་ཙི་ནད་པ་ཞིག་ན་ཚ་གཞན་གྱིས་ནད་མནར་དུ་གྱུར་བའི་སྐབས་སྨན་ཁང་ནས་ཨེ་ཙི་འགོས་ནད་ཡོད་པ་བརྟེན་ནས་སྨན་བཅོས་མི་བྱེད་པའི་གནས་སྟངས་ཡ་ང་པའི་འོག་འདས་གྲོངས་སུ་ཕྱིན་པའི་མྱོང་ཚོར་འགྲེལ་བརྗོད་བྱས་ཡོད་པ་དང། ཁོང་གིས་ནད་པ་དེར་འཕྲད་པའི་དཀའ་ངལ་དེ་ལྟ་བུ་ཨེ་ཙི་ནད་པ་གཞན་ལ་མི་འཕྲད་པའི་གདོང་ལེན་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་ཧུའང་ཅེ་ཕུའུ་ཡིས། རྒྱ་ནག་གཞུང་ཕྱོགས་ནས་ཨེ་ཙི་ནད་པའི་ཐོག་ལ་སྤྱི་ཚོགས་ནང་བལྟ་ཚུལ་མི་ལེགས་པ་དང་མཐོང་ཆུང་དང་ཁྱད་གསོད་མི་བྱེད་པའི་གོ་རྟོགས་སེལ་ཐབས་སྔར་བས་འབད་བརྩོན་དང་ཤུགས་སྣོན་རྒྱབ་རྒྱུ་ཡིན་ཞེས་དང་ཡིན་ནའང་ལས་དོན་དེ་ལམ་ལྷོང་ཡོང་བར་དཀའ་ངལ་ཡོད་པའི་སྐོར་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org