ཨ་རིའི་རྒྱལ་ས་མངའ་ཁུལ་དུ་མང་གཙོ་དུས་ཆེན་ཐེངས་༥༧པ་སྲུང་བརྩི་ཞུས་པ།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ།
-
2017-09-04 -
-
-
༄༅། །ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་Fairfaxགྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་སུ་ཁ་སང་རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་༥༧པ་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་མང་གཙོ་གསོལ་རས་བསྩལ་སྟངས་ཀྱི་མཚོན་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་རེད།
ཁོང་གིས་ད་དུང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ནང་སྤྱི་འཐུས་ཀྱི་གྲངས་ཚད་རིམ་པས་སྤར་ཆ་གནང་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་སོགས་གསུངས་པ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ནང་བྱུང་བའི་འགྱུར་བ་ཕལ་ཆེ་བ་ཁག་ནི་༸གོང་ས་མཆོག་ནས་བཀའ་སློབ་གནང་བ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་རེད་ཅེས་གསུངས་གནང་བཞག
ད་རེས་ཀྱི་དུས་ཆེན་དང་བསྟུན་བོད་མི་མི་ཉུང་བ་ཞིག་འཛོམས་བྱུང་བའི་གོ་སྐབས་དང་བསྟུན། སྐུ་ཚབ་དོན་གཅོད་མཆོག་ནས་ད་དུང་། ཕ་མ་ཚོས་ནང་དུ་རང་གི་བུ་ཕྲུག་ལ་བོད་སྐད་རྒྱག་དགོས་པའི་ལམ་སྟོན་གནང་སོང་བས་མ་ཚད། རང་གི་བུ་ཕྲུག་རྣམས་གཟའ་མཇུག་བོད་ཡིག་སློབ་གྲྭར་གཏོང་ཐབས་བྱེད་དགོས་པའི་ལམ་སྟོན་ཡང་གནང་བཞག་ མང་གཙོའི་དུས་ཆེན་གྱི་མཛད་སྒོ་དེའི་ཐོག་མི་མང་འདུ་འཛོམས་བྱུང་བའི་གོ་སྐབས་དང་བསྟུན། མི་འབོར་ཞིབ་གཤེར་གྱི་ཆེད་དུ་མིང་ཐོ་བསྡུ་རུབ་ཀྱང་གནང་ཡོད་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།