རྒྱ་ནག་དང་འབར་མའི་འགོ་ཁྲིད་ཐུག་འཕྲད།

རྒྱ་ནག་དང་འབར་མའི་དཔོན་རིགས་དབར་འབར་མའི་རྒྱལ་ཡོངས་འོས་བསྡུ་མ་སྤེལ་གོང་ཐུག་འཕྲད་གནང་ཡོད་པ་རེད་

2010.09.08

༄༅༎འབར་མ་དྲག་པོའི་གཞུང་གི་ཆེས་མཐོའི་དཔོན་རིགས་ཐའན་ཤ་ལྦེ་གཟའ་མིག་དམར་ཉིན་རྒྱ་ནག་དུ་ཕེབས་ནས་དུས་ཡུན་ཉིན་གྲངས་བཞིའི་རིང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དང་ རྒྱ་ནག་ལྷོ་ཕྱོགས་ཁུལ་དུ་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་ཡིན་ཞིང་ གཟའ་ལྷག་པའི་ཉིན་རྒྱབ་ རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཧུའུ་ཇིང་ཐའོ་རྣམ་གཉིས་རྒྱ་ནག་ནང་ཐུག་ཕྲད་གནང་ཡོད་པ་དང་ གཟའ་མིག་དམར་ཉིན་འབར་མའི་དཔོན་རིགས་ཐའན་ཤ་ལྦེ་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་དང་ དེ་མིན་གྱི་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཁག་ཅིག་དང་ཐུག་ཕྲད་གནང་ཡོད་པ་རེད་

ད་རེས་འབར་མའི་དྲག་པོའི་གཞུང་གི་ཆེས་མཐོའི་དཔོན་རིགས་ཐའན་ཤ་ལྦེ་རྒྱ་ནག་གི་ནང་རྒྱལ་དོན་འཚམས་གཟིགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱ་ནག་དང་འབར་མ་ཕྱོགས་གཉིས་ཀས་ཁ་གསལ་ཕྱིར་བསྒྲགས་གང་ཡང་བྱས་མེད་ཅིང་ རྒྱ་ནག་གཞུང་གིས་དེའི་གོང་ཙམ་དུ་ འབར་མའི་དཔོན་རིགས་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་རིང་ ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་ཡུལ་གཉིས་ཀྱི་འབྲེལ་ལམ་སྐོར་དང་ དེ་མིན་ཡུལ་གྲུ་གཉིས་ཀྱི་རྒྱལ་ནང་འཕེལ་རྒྱས་ཀྱི་གནད་དོན་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་ལུགས་ཕྱིར་བསྒྲགས་བྱས་ཡོད་པའི་ཁར་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཅང་དབྱུས་ནས་ རྒྱ་ནག་དང་འབར་མའི་འབྲེལ་ལམ་དེ་བཞིན་འཆམ་མཐུན་གྱི་ཁྱིམ་མཚེས་གྲོགས་པོའི་རྒྱལ་ཁབ་ཡིན་པ་དང་ ད་ལོ་ནི་ཡུལ་གྲུ་གཉིས་དབར་འབྲེལ་ལམ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་གྱི་ལོ་ཞིག་ཡིན་པ་བརྗོད་འདུག

འབར་མ་དྲག་པོའི་གཞུང་གིས་ཡུལ་དེའི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་མ་ཟད་ འབར་མ་དྲག་པོའི་གཞུང་གིས་གཏན་འབེབས་བྱས་པའི་ད་ལོ་ཕྱི་ཟླ་བཅུ་གཅིག་ནང་སྤེལ་རྒྱུའི་འབར་མའི་རྒྱལ་ཡོངས་འོས་འདེམས་ཀྱི་འབྲེལ་ཡོད་སྒྲིག་གཞི་ཁག་གི་ཐོག་ལ་ཡང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡིན་པ་དང་ འབར་མའི་ཆེས་མཐོའི་དཔོན་རིགས་ཐན་ཤོན་གྱིས་ཕྱི་ལོ་༡༩༩༢ལོ་ནས་འབར་མའི་ནང་དབང་འཛིན་བྱས་ནས་ ཉེ་བའི་ཆར་ ཁོང་འབར་མའི་དམག་དཔུང་གི་ཆེས་མཐོའི་དཔོན་རིགས་ནས་ཕྱིར་ཤོལ་བྱས་ལུགས་བརྗོད་ཡོད་ན་ཡང་ ད་རེས་ཐའན་ཤ་ལྦེ་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་རྣམ་པའི་ཐོག་ནས་ ད་དུང་ཡང་འབར་མའི་དམག་དཔུང་གི་དབང་ཆ་འཛིན་བཞིན་པའི་མཚོན་རྟགས་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་དབྱེ་ཞིབ་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎