བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་ཉི་ཧོང་ནས་བློ་སྐྱེད་ལེན་དགོས།

བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་མཆོག་གིས་ནང་པའི་རྒྱལ་ཁབ་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་ཉི་ཧོང་ནས་བློ་སྐྱེད་ལེན་དགོས་པ་གསུངས་འདུག

ཉི་ཧོང་གི་རྒྱལ་ཡོངས་ཉམས་ཞིབ་ལས་ཁང་ཞིག་གི་འགན་འཛིན་ལྕམ་(Yoshiko Sakurai)་དང་སྲིད་སྐྱོང་མཆོག ༢༠༡༧།༢།༡༣ sikyong/FB

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ནང་པའི་རྒྱལ་ཁབ་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་ཉི་ཧོང་ནས་བློ་སྐྱེད་ལེན་དགོས་པ་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་གཞུང་འབྲེལ་ཚོགས་པའི་སློབ་སྟོན་པ་ཚོར་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་ཉི་ཧོང་གི་རྒྱལ་ཡོངས་ཉམས་ཞིབ་ལས་ཁང་ཞིག་གི་འགན་འཛིན་ལྕམ་(Yoshiko Sakurai)་དང་མཇལ་འཕྲད་གནང་ཡོད་པ་དང་། དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་གྱི་མཇལ་འཕྲད་རིང་ཁོང་རྣམ་གཉིས་དབར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་གྱི་གནད་དོན་དང་། དེས་བོད་ཀྱི་གནད་དོན་ཐོག་ཤུགས་རྐྱེན་ཇི་བྱུང་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག
ལྕམ་Sukurai་ཀྱིས་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རྣམ་འགྱུར་བསྟན་པ་དང་། ཁོང་གིས་རྒྱ་གར་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་པ་ལྟར་ཉེ་ཧོང་གི་ངོས་ནས་ཀྱང་ལམ་དུ་བསྐྱོད་ཐུབ་པར་རེ་བ་གནང་གི་ཡོད་ཅེས་གསུངས་ཤིང་། ཁོང་གི་ད་དུང་། མ་འོངས་བོད་མི་གང་མང་ཉི་ཧོང་ནང་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། ཉི་ཧོང་བ་གང་མང་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་རྒྱུར་ཡང་སྐུལ་སྤེལ་གནང་རྒྱུ་ཡིན་པའི་སྐོར་གསུངས་འདུག
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་པའི་ལོ་ལྔ་དང་ལྔ་བཅུའི་ཐབས་བྱུས་ཟེར་བ་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་ནག་ནང་མ་འོངས་ལོ་ངོ་ཁ་ཤས་ནང་འགྱུར་ལྡོག་འགྲོ་སྲིད་པར་བརྟེན་ནས་མ་འོངས་པའི་ལོ་ལྔའི་རིང་བོད་ལ་དོན་དང་ལྡན་པའི་རང་སྐྱོང་གི་ཐོབ་ཐང་སྐྲུན་ཐབས་སུ་འབད་བརྩོན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་གསུངས་འདུག འོན་ཀྱང་དེ་ལྟར་མ་འབྱུང་ཚེ་ད་དུང་ཡང་ལོ་ལྔ་བཅུ་བཙན་བྱོལ་དུ་གནས་དགོས་ཚེ་དེ་ལུགས་ཀྱི་འཆར་གཞི་དགོས་གལ་ཆེ་ལུགས་སོགས་ངོ་སྤྲོད་གནང་པར་ལྕམ་ སུ་ཀ་ར་ཡིས་གདེངས་འཇོག་ཆེན་པོ་གནང་ཡོད་འདུག ཁོང་གིས་ཉི་ཧོང་གི་ཆབ་སྲིད་མི་སྣ་དང་ཡར་ཐོན་སྤྱི་ཚོགས་མི་སྣ་ཚོས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུར་སྤོབས་པ་སྐྱེ་དགོས་ཀྱི་རེད་ཅེས་གསུངས་པ་དང་། ལྕམ་SuKurai་དང་སྲིད་སྐྱོང་རྣམ་གཉིས་ཀྱི་དབར་གྱི་མཇལ་འཕྲད་སྐོར་ཉི་ཧོང་གི་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་འདུག
ཚེས་༡༤་ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཉི་ཧོང་ནང་གི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཐོག་གཏམ་བཤད་སྤེལ་གནང་ཡོད་པ་དང་། དེ་བཞིན་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ཐུག་འཕྲད་ཡང་གནང་ཡོད་འདུག།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org