རྒྱལ་ས་ལྡི་ལིར་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་བཅུ་གཉིས་པ་ཚོགས་བཞིན་འདུག

2024.01.17
རྒྱལ་ས་ལྡི་ལིར་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་བཅུ་གཉིས་པ་ཚོགས་བཞིན་འདུག རྒྱལ་ས་ལྡི་ལིར་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་བཅུ་གཉིས་པ་ཚོགས་བཞིན་པ། ༠༡།༡༧།༢༠༢༤
ངོ་དེབ། /Kiren Rijiju

དེ་ཡང་སྤྱི་ཟླ་༡པོའི་ཚེས་༡༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་(12th General Assembly of the Asian Buddhist Conference for Peace)་ཐེངས་༡༢པ་དངོས་སུ་དབུ་འཛུགས་གནང་འདུག་ཅིང་། ལྷན་ཚོགས་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་(Jagdeep Dhankhar)་ལགས་དང་། རྒྱ་གར་གྱི་ཚན་རིག་ལྷན་ཁང་གི་བློན་ཆེན་སྐུ་ཞབས་(Kiren Rijiju)་ལགས་རྣམ་གཉིས་གཙོས་པའི་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་དང་ནང་པའི་བླ་ཆེན་ཁག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། ཀུན་བདེ་གླིང་རིན་པོ་ཆེ། གནས་ཆུང་སྐུ་རྟེན་མཆོག་སོགས་ལྷན་ཞུགས་གནང་འདུག
སྐབས་དེར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་(Jagdeep)་མཆོག་གིས། སྟོན་པ་བཅོམ་ལྡན་འདས་ཀྱིས་སྲོལ་གཏོད་གནང་བའི་ནང་པའི་ཆོས་ལུགས་དེ་ནི་སྔོན་ཆད་ཀྱི་ཤུལ་བཞག་ཙམ་མིན་པར། མ་འོངས་བྱམས་བརྩེ་ལྡན་པ་ཞིག་སྐྲུན་རྒྱུ་དེ་ཡིན་པ་དང་། སངས་རྒྱས་ཀྱིས་གསུངས་བའི་འཕགས་པའི་བདེ་པ་བཞི་བརྒྱུད་ནས། ང་ཚོར་ནང་སེམས་ཞི་བདེ་སྐྲུན་ཐབས་དང་། བྱམས་བརྩེ་གོང་འཕེལ་ཇི་ལྟར་གནང་དགོས་པའི་སོགས་ཀྱི་ཐད་ལམ་སྟོན་མཛད་ཡོད་པ་དེ་དག་ངེས་པར་དུ་དེང་གི་རྙོག་འཛིང་ཆེ་བའི་དུས་ཚོད་འདིའི་ནང་ལག་བསྟར་གནང་རྒྱུ་དགོས་ཆེན་ཡིན་པའི་སྐོར་གསུངས་འདུག

12th General Assembly of Asian Buddhist Conference for Peace (1).jpg
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་མཆོག་ལྡན་ལགས་ནི། ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཞོན་ཡིན་དང་། ཁོང་གིས། ལྷན་ཚོགས་འདི་ནི་ལོ་ངོ་༥༠ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ཚོགས་པ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ད་བར་འཛམ་གླིང་ཞི་བདེ་སྐྲུན་ཐབས་དང་འབྲེལ་བའི་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་གསུངས་བ་དང་སྦྲགས། ད་རེས་ཀྱི་ཚོགས་འདུ་བརྒྱུད་ནས་ལྷན་ཚོགས་དེ་ཉིད་ཀྱི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་གསར་པ་རྣམ་པ་བསྐོ་བཞག་གནང་གི་ཡོད་པ་རྒྱལ་ས་ལྡི་ལི་ནས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་༡༧ནས་༡༨བར་ཉིན་གྲངས་གཉིས་རིང་ཚོགས་བཞིན་པའི་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་དེའི་ཐོག་རྒྱ་གར་དང་སོག་པོ། ར་ཤི་ཡ། བལ་ཡུལ། བྷང་ལ་དྷེ་ཤི། སེངྒ་ལ། ལྷོ་ཀོ་རི་ཡ། མ་ལེ་ཤེ་ཡ། ཐེ་ལན་ཌི། འབྲུག འབར་མ་སོགས་འཛམ་གླིང་གི་རྒྱལ་ཁབ་༡༧ཙམ་ནས་ནང་པའི་བླ་ཆེན་དང་སྐུ་ཚབ་༢༠༠ཙམ་ཞིག་ལྷན་ཞུགས་ཀྱིས། འཛམ་གླིང་སྤྱིའི་ཞི་བདེ་དང་འབྲེལ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཁག་ལ་སློབ་གཉེར་གནང་སྟེ། དངོས་སུ་ལག་བསྟར་གནང་ཐབས་ལ་འབད་ཀྱི་ཡོད་འདུག
གཞན་ཡང་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་དེ་ནི་ཐོག་མ་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་གི་མཁན་ཟུར་བླ་མ་(Samaagiin Gombojov)་ལགས་ཀྱི་ཐུགས་དགོངས་དང་རེ་སྐུལ་ཞུས་པ་བཞིན་སྤྱི་ལོ་༡༩༦༩ལོར་གསར་འཛུགས་གནང་འདུག་ཅིང་། ད་ལྟའི་ཆར་ནང་པའི་ཞི་བདེ་ལྷན་ཚོགས་དེའི་ལྟེ་གནས་སམ་ལས་ཁུངས་གཙོ་བོ་དེ་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏར་(Ulaanbaatar)་རུ་ཡོད་པ་དང་། འདི་ཚེས་༡༩རེས་གཟའ་པ་སངས་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ལྷན་ཚོགས་དེ་ཉིད་ཀྱི་ཡན་ལག་འབྲེལ་མཐུད་ལས་ཁང་ཞིག་དབུ་འབྱེད་གནང་གི་ཡོད་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎