རྒྱ་དབྱིན་ཡུལ་གཉིས་ཀྱི་འབྲེལ་བ་བསྐལ་བ་བཟང་པའི་དུས་ཡིན་ཟེར།

དབྱིན་ལེན་གྱི་སྲིད་བློན་གྱིས་རྒྱ་ནག་དང་དབྱིན་ལེན་ཡུལ་གཉིས་ཀྱི་འབྲེལ་ལམ་དེ་བསྐལ་བ་བཟང་པའི་དུས་ཤིག་ལ་སླེབས་ཡོད་པ་པེ་ཅིན་ནས་བརྗོད་འདུག

དབྱིན་ལེན་གྱི་སྲིད་བློན་ལྕམ་(Theresa May)་ལགས་དང་རྒྱ་ནག་གི་སྲིད་བློན་(Li Keqiang)གཉིས་པེ་ཅིན་དུ། ༢༠༡༨།༡།༣༡ AP

དབྱིན་ལེན་གྱི་སྲིད་བློན་ལྕམ་(Theresa May)་ལགས་ཀྱིས་རྒྱ་ནག་དང་དབྱིན་ལེན་ཡུལ་གཉིས་ཀྱི་འབྲེལ་ལམ་དེ་བསྐལ་བ་བཟང་པའི་དུས་ཤིག་ལ་སླེབས་ཡོད་པ་བརྗོད་འདུག
དེ་ཡང་དབྱིན་ཡུལ་གྱིས་རྒྱ་ནག་དང་མཉམ་རྒྱལ་སྤྱིའི་འཐབ་ཇུས་ལྡན་པའི་འབྲེལ་བ་བཟང་པོ་ཞིག་བསྐྲུན་རྒྱུའི་གོ་སྐབས་བཟང་པོ་ཞིག་རེད་ཅེས་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་ཕྱིར་ཐོན་རྗེས་སུ་ཐེངས་དང་པོ་རྒྱ་ནག་ནང་གཟིགས་སྐོར་དང་འབྲེལ་རྒྱ་ནག་དང་མཉམ་ཚོང་འབྲེལ་རྒྱ་བསྐྱེད་གཏོང་རྒྱུའི་ཐུགས་འདོད་ཡོད་པ་དེ་ལྟར་གསུངས་ཡོད་པ་རེད།
ཕྱི་ཟླ་༡ ཚེས་༣༡ཉིན་རྒྱ་ནག་གི་སྲིད་བློན་(Li Keqiang)་དང་ཁོང་མཇལ་འཕྲད་གནང་སྐབས་ལྕམ་(Theresa May)་ལགས་ཀྱིས་གསུངས་དོན། ང་ཚོས་བསམ་བློ་བཏང་ན། ལོ་གསར་པ་འདི་བཀྲ་ཤིས་པའི་ལོ་ཞིག་ཡིན་ཞིང་། རྒྱ་ནག་དང་དབྱིན་ཡུལ་གཉིས་བར་འཕྱར་གྲུ་མཉམ་འདེགས་ཀྱི་བསྐལ་བཟང་གི་དུས་སྐབས་འདི་འདྲ་ཞིག་གི་སྐབས་སུ། ཡུལ་གཉིས་དབར་ཐབས་ཇུས་ལྡན་པའི་རྒྱལ་སྤྱིའི་འབྲེལ་ལམ་དེ་རྒྱ་སྐྱེད་གཏོང་རྒྱུ་དེ་རེད་ཅེས་གསུངས་འདུག་ལ་དབྱིན་ཡུལ་ནང་རྒྱ་ནག་གི་བཟོ་ལས་ཁང་གིས་མ་རྩ་བཙུགས་ནས་ལས་ཀ་མང་པོ་བསྐྲུན་ཐུབ་རྒྱུ་རེ་བ་གནང་གི་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་སྲིད་བློན་ལིན་ཁེ་ཆི་ཡིས། དབྱིན་ཇིའི་སྲིད་བློན་(May Terrssa) ཡི་གཟིགས་སྐོར་དེ་བཞིན་དོན་དང་ལྡན་པ་ཞིག་བྱུང་ཡོད་པ་དང་། དབྱིན་ཡུལ་དང་རྒྱ་ནག་གཉིས་བར་གྱི་བསྐལ་བཟང་གི་འབྲེལ་བ་དེ་ད་དུང་ཡར་རྒྱས་གོང་འཕེལ་འགྲོ་ཐུབ་རྒྱུ་ཡིན་པ་བརྗོད་འདུག ད་ལན་དབྱིན་ལེན་གྱི་སྲིད་བློན་རྒྱ་ནག་དུ་གཟིགས་སྐོར་དང་མཉམ་དབྱིན་ཡུལ་གྱི་བཟོ་ཚོང་ལས་ཁང་གི་འགོ་འཁྲིད་༥༠་ལྷག་མཉམ་དུ་ཕེབས་ཡོད་པ་དང་། ཁོང་རྣམས་རྒྱལ་ས་པེ་ཅིང་ཙམ་མིན་པར་རྒྱ་ནག་གི་ཁྲོམ་རའི་ལྟེ་གནས་ཧྲང་ཧེ་གྲོང་ཁྱེར་དུ་ཡང་ཕེབས་འཆར་ཡོད་འདུག
དབྱིན་ཇིའི་སྲིད་བློན་ལྕམ་(Terrisa May)ད་ལན་རྒྱ་ནག་ཏུ་ཕེབས་སྐབས་ཐོག་མར་རྒྱ་ནག་གི་བཟོ་གྲྭའི་ལྟེ་གནས་(Wuhan)་དུ་ཕེབས་ཡོད་པ་དང་། དེ་རྗེས་རྒྱལ་ས་པེ་ཅིང་དུ་རྒྱ་ནག་སྲིད་བློན་དང་སྲིད་འཛིན་གཉིས་དང་མཇལ་འཕྲད་གྲོས་མོལ་གནང་འདུག  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་༢༠༡༥ལོར་དབྱིན་ལེན་དུ་གཟིགས་སྐོར་གྱི་སྐབས་སུ། ཡུལ་གཉིས་ཀྱི་འབྲེལ་ལམ་དེ་བསྐལ་བཟང་གི་དུས་ཤིག་སླེབས་ཡོད་པ་རེད་གསུངས་ཡག་འགོ་བཙུགས་གནང་ཡོད་པ་རེད།
དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཁུངས་ནས་༢༠༡༦ཕྱིར་ཐོན་རྗེས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་ཤིག་ཆག་ཡོད་པ་རེད། ཕྱི་ལོ་༢༠༡༠ནས་བཟུང་དབྱིན་ཡུལ་གྱི་རྒྱ་ནག་ནང་ཕྱི་ཚོང་རྒྱབ་ཡག་བརྒྱ་ཆ་༦༠ ཡར་འཕར་ཡོད་པ་དང་། རྒྱ་ནག་དེ་༢༠༢༠ལོའི་སྔོན་དབྱིན་ཡུལ་གྱི་མ་རྩ་འཛུགས་མཁན་གྱི་ཚོང་ཤག་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད་འདུག
དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་(Philp Hammond)་ ལགས་སྔ་ལོ་སྤྱི་ཟླ་༡༢པའི་ནང་རྒྱ་ནག་དུ་གཟིགས་སྐོར་དང་སྦྲགས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་དེ་རྒྱ་ནག་གི་དངུལ་ལོར་ཡོན་གྱི་ཚོང་བསྒྱུར་ལྟེ་གནས་ཤིག་ལ་ཆགས་རྒྱུར་འབད་བརྩོན་བྱ་རྒྱུ་དང་། དེ་བཞིན་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནང་མཉམ་ཞུགས་གནང་མཁན་དབྱིན་ལེན་གྱི་འབྲེལ་ཡོད་ཚོང་ལས་སྡེ་ཚན་ཁག་ལ་དབྱིན་ལེན་གྱི་དངུལ་ལོར་ཐེར་འབུམ་༢༥ཙམ་གྱི་རྒྱབ་སྐྱོར་གནང་རྒྱུའི་གསལ་སྒྲགས་ཡང་གནང་ཡོད་པ་སོགས་རྒྱ་ནག་དང་དབྱིན་ལེན་གཉིས་ཀྱིས་ཚོང་འབྲེལ་དེ་ཤུགས་ཆེ་ཇེར་གཏང་རྒྱུ་ཡིན་པ་རེད་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org