བོད་རིགས་དམག་དཔོན་ཞིག་རྐྱེན་འདས་སུ་ཕྱིན་པར་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་གདུང་སེམས་མཉམ་སྐྱེ།
རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ལ་དྭགས་ས་མཚམས་ནས་རྐྱེན་འདས་སུ་ཕྱིན་པར་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་གདུང་སེམས་མཉམ་སྐྱེ་གནང་བཞིན་འདུག
-
2020-09-03 -
-
-
Your browser doesn’t support HTML5 audio
རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ལ་དྭགས་ས་མཚམས་ནས་རྐྱེན་འདས་སུ་ཕྱིན་པར་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོས་གདུང་སེམས་མཉམ་སྐྱེ་གནང་བཞིན་འདུག
སྤྱི་ཟླ་༨་པའི་ཚེས་༣༠་ཉིན་གྱི་དགོང་མོ་ཆུ་ཚོད་༨་པ་ཙམ་ལ་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་གོང་མཚོའི་ལྷོ་ངོས་སུ་ཆགས་པའི་རྩོད་གཞི་ཅན་གྱི་མཐའ་མཚམས་ས་ཁུལ་དུ། རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་འབར་རྫས་གས་ཐོར་ཁྲོད་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས། རྒྱ་གར་གྱི་གནད་ཡོད་མི་སྣ་དང་། དམག་དཔོན་ཟུར་པ་ཚོས་བློ་ཕམ་གྱི་སྒོ་ནས་འདས་པོ་ཁོང་ལ་གདུང་སེམས་མཉམ་སྐྱེ་གནང་བཞིན་འདུག་ཅིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་རྒྱ་གར་ནང་སྲིད་ལྷན་ཁང་གི་བོད་དོན་སློབ་སྟོན་པ་ཟུར་པ་སྐུ་ཞབས་ཨཱ་མེཊ་བྷ་མཱ་ཐར་(Amitabh Mathur)་ལགས་ཀྱིས་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་ལ་གསུངས་ན། ཉི་མ་བསྟན་འཛིན་ལགས་ནི་ངོས་ཀྱིས་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། ཁོང་འདས་གྲོངས་སུ་ཕྱིན་པར་ཧ་ཅང་གི་བློ་ཕབ་བྱུང་། ད་དུང་རྨས་སྐྱོན་ཕོག་པའི་བོད་པའི་ན་གཞོན་དེ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
འདས་པོ་ཉི་མ་བསྟན་འཛིན་ལགས་ནི། རྒྱ་གར་བྱང་ཕྱོགས་(Uttarakhand)་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམིགས་བསལ་མདུན་སྐྱོན་དམག་དཔུང་ངམ་(Special Frontier Force)་ཡོངས་གྲགས་སུ་ཊུ་ཊུ་དམག་སྡེའི་ནང་མི་ལོ་༣༣་ཙམ་ཕྱག་ལས་གནང་འདུག་ཅིང་། འདི་ཚེས་༢་ཉིན་རྒྱ་གར་གྱི་བདེ་འཇགས་གནད་དོན་དབྱེ་ཞིབ་པ་དང་། རྩོམ་པ་པོ་སྐུ་ཞབས་(Brahma Chellaney)་ལགས་ཀྱིས། ཁོང་སྒེར་གྱི་(Twitter)་དྲ་ངོས་སྟེང་། གོང་ཞུས་གནས་ཚུལ་དང་འབྲེལ་བའི་སྐོར་བརྗོད་གསལ་ལ། “ད་རེས་རྒྱ་གར་གཞུང་ནས་བོད་དམག་གཙོ་བོར་གྱུར་བའི་རྒྱ་གར་གྱི་དམིགས་བསལ་མདུན་སྐྱོན་དམག་དཔུང་(SFF)་བཀོལ་སྤྱོད་ཀྱིས་རྒྱ་ནག་བཅིངས་གྲོལ་དམག་མིའི་བཙན་འཛུལ་ལ་ཕར་རྒོལ་བྱས་པ་དེ་ལས་ལྷག་རྒྱ་གར་གྱིས་རྒྱ་ནག་ངོ་གནོང་དགོས་པ་བཟོ་རྒྱུ་གཞན་གང་ཡང་མེད་”་ཅེས་འགྲེལ་བརྗོད་བྱས་འདུག
ཡང་འདི་ཚེས་༢་ཉིན་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་རྩོམ་པ་པོ་སྐུ་ཞབས་(Gen GD Bakshi)་ལགས་ཀྱིས། ཁོང་སྒེར་གྱི་(Twitter)་དྲ་ངོས་སྟེང་གནས་ཚུལ་སྤེལ་གསལ་ལ། “ངོས་ཀྱི་འགོ་ཁྲིད་ལས་རོགས་དམིགས་བསལ་མདུན་སྐྱོན་དམག་དཔུང་གི་དམག་དཔོན་ཉི་མ་བསྟན་འཛིན་ལགས་སུ་རྗེས་དྲན་ཞུ་རྒྱུ་ཡིན། ཁོང་གིས་ལ་དྭགས་ཤར་ཕྱོགས་ས་ཁུལ་དུ་རྒྱ་ནག་ལ་འཐབ་འཛིང་བྱས་ཏེ་རང་ཉིད་ཀྱི་ཚེ་སྲོག་ཤོར་ཡོད་པ་རེད་”ཅེས་བརྗོད་འདུག
རྒྱ་གར་ནང་སྲིད་ལྷན་ཁང་གི་བོད་དོན་སློབ་སྟོན་པ་ཟུར་པ་སྐུ་ཞབས་ཨཱ་མེཊ་བྷ་མཱ་ཐར་(Amitabh Mathur)་ལགས་ཀྱིས། ཉི་མ་བསྟན་འཛིན་ལགས་ཀྱིས་རྒྱ་གར་གྱི་རྒྱལ་སྲུང་ཆེད་བློས་གཏོང་གནང་བ་དེ་ནི། རྒྱ་གར་གཞུང་ལ་བཀའ་དྲིན་ཆེན་པོ་རེད། རྒྱ་གར་གཞུང་གི་ངོས་ནས་འདས་པོ་ཁོང་གི་བྱས་རྗེས་ངོས་འཛིན་གྱིས་ཕྱིར་བསྒྲགས་བྱ་རྒྱུ་ནི་དེ་ཙམ་གལ་ཆེ་པོ་ཞིག་ལ་མཐོང་གི་མིན་འདུག ཁོང་དང་ཁོང་འདྲ་བའི་རྒྱ་གར་གྱི་དཔའ་བོ་ཚོས་བློས་གཏོང་གང་གནང་བ་དེ་དག་རྒྱ་གར་གཞུང་གིས་ནམ་ཡང་བརྗེད་མི་སྲིད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་ལྷན་ཚོགས་ནས་འདི་ཚེས་༢་ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འཕགས་བོད་ས་མཚམས་སུ་སྐུ་གྲོངས་མཁན་བོད་པའི་དམག་མི་དཔའ་བོ་ཉི་མ་བསྟན་འཛིན་ལགས་ལ་དད་གུས་དང་། ཁོང་གི་ནང་མི་རྣམས་ལ་སེམས་གསོའི་ཆེད་གོང་ཞུས་ལྷན་ཚོགས་དེའི་གཙོ་ཚོགས་གཙོས་པའི་རྒྱུན་ལས་རྣམས་དཔའ་བོ་ཁོང་གི་ཁྱིམ་ཚང་དུ་ཆེད་བཅར་ཞུས་པ་ཡིན་ཞེས་བཀོད་འདུག
དམིགས་བསལ་མདུན་སྐྱོན་དམག་དཔུང་ངམ་(Special Frontier Force)་དེ་བཞིན་རྒྱ་གར་གྱི་གསང་བའི་སྡེ་ཁག་བྱེ་བྲག་པ་ཞིག་གི་འོག་གནས་ཡོད་པ་དང་། དེའི་ནང་གི་དམག་ཞབས་པ་ཚོ་ནི་བོད་པ་གཙོ་བོ་གྱུར་བའི་གོར་ཁའི་མི་རིགས་ཆགས་ཡོད་པ་མ་ཟད། སྤྱི་ལོ་༡༩༧༡་ལོའི་བྷང་ལ་དྷེ་ཤི་དང་དམག་འཁྲུག་དང་། ༡༩༩༩་ལོའི་ཀར་གྷིལ་དམག་འཁྲུག་བཅས་སོ་སོའི་ནང་དམིགས་བསལ་མདུན་བསྐྱོད་དམག་དཔུང་ཡང་དཔུང་པ་མཉམ་གཤིབ་ཀྱིས་རྒྱ་གར་གྱི་དམག་དཔུང་གཞན་མཉམ་དུ་དམག་བརྒྱབ་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་འདུག