རྒྱ་ནག་གཞུང་གིས་རྒྱ་གར་དང་ཐག་ཉེ་ས་མཚམས་སུ་གྲོང་གསེབ་གསར་རྒྱག་དང་རྒྱ་བསྐྱེད།
རྒྱ་ནག་གཞུང་གིས་རྒྱ་གར་དང་ཐག་ཉེ་བོད་ཀྱི་མཐའ་མཚམས་སུ་གྲོང་གསེབ་གསར་རྒྱག་དང་རྒྱ་བསྐྱེད་བྱེད་བཞིན་པར་རྒྱ་གར་གཞུང་གིས་དོ་སྣང་དང་སེམས་ཚབས་བྱེད་ཀྱི་འདུག
ཉེ་བའི་ཆར་རྒྱ་ནག་གི་ཕྱོགས་ནས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་འབུམ་ལའི་ཁུལ་ནས་རྒྱང་ཚད་སྤྱི་ལེ་༥སར་གྲོང་གསེབ་ཁག་གསུམ་གསར་རྒྱག་གནས་སྤོས་བྱས་ཡོད་པ་དང་། དེ་ནི་རྒྱ་གར་ཨ་རུ་ན་ཅལ་ནུབ་རྒྱུད་དང་འབྲུག་ཡུལ་དང་ཐག་ཉེ་བའི་ས་མཚམས་འབྲེལ་མཐུད་གསུམ་ཡོད་སའི་ཉེ་འགྲམ་དུ་ཡིན་པར་རྒྱ་གར་གྱི་ཕྱོགས་ནས་སེམས་ཚབས་བྱེད་ཀྱི་ཡོད་པ་རེད་འདུག
དེ་ནི་ད་སྐབས་རྒྱ་ནག་དང་རྒྱ་གར་གྱི་བར་ས་མཚམས་ཀྱི་རྩོད་རྙོག་ཡོང་བཞིན་ཡོད་པའི་ཐོག་ད་ཆ་རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གྱི་ས་མཚམས་ཉེ་ཁུལ་དུ་གྲོང་གསེབ་ལྟ་བུའི་ཡུལ་མི་གནས་སྡོད་བྱེད་ས་གསར་རྒྱག་རྒྱ་བསྐྱེད་བྱས་པ་དེས། མ་འོངས་པར་ད་དུང་མངའ་ཁུལ་དེ་ཚོའི་ནང་བདག་ཐོབ་རྩོད་གཞི་ཞིག་ཀྱང་སློང་སྲིད་པའི་སྐོར་བརྗོད་འདུག
གནས་ཚུལ་དེའི་སྐོར་རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་གི་གནས་སྟངས་ཐད་དབྱེ་ཞིབ་གཟིགས་རྟོགས་གནང་མཁན་(Dr. Brahama Chellaney)གིས་གསུངས་ན། དེ་ནི་ད་ཕན་རྒྱ་ནག་གི་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཐོག་མར་རྒྱ་ནག་གི་ཉ་འཛིན་མཁན་ཉ་པའི་གྲུ་གཟིངས་མང་པོ་བཏང་བ་དང་། དེ་ནས་རིམ་བཞིན་རྒྱ་བསྐྱེད་བྱས་པའི་ཐབས་ལམ་དེ་འདྲ་བ་བེད་སྤྱོད་བྱས་ཏེ་ད་ཆ་འབྲུག་ཡུལ་གྱི་མངའ་ཁུལ་འབྲོག་ལམ་གྱི་ཁུལ་དང་། རྒྱ་གར་གྱི་ཨ་རུ་ན་ཅལ་སོགས་རྒྱ་གར་གྱི་ས་མཚམས་ཁུལ་གང་སར་རྒྱ་ནག་གི་ཕྱོགས་ནས་བོད་རིགས་དང་རྒྱ་རིགས་མཉམ་དུ་ཡོད་པའི་གྲོང་གསེབ་འཛུགས་བསྐྲུན་གསར་རྒྱག་དང་གནས་སྤོས་བྱས་པ་དེ་ཚོས། མ་འོངས་པར་ཧི་མ་ལ་ཡའི་མངའ་ཁུལ་དུ་བདག་ཐོབ་ཀྱི་རྩོད་གཞི་སློང་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་གསུངས་འདུག
རྒྱ་ནག་གིོ་ཕྱོགས་ནས་ཨ་རུ་ན་ཅལ་གྱི་ཉེ་འགྲམ་གྲོང་གསེབ་གསར་པ་འཛུགས་བསྐྲུན་བྱེད་པའི་གནས་ཚུལ་དེ་ཚོ། ཉེ་སྔོན་རྒྱ་གར་ལ་དྭགས་ཀྱི་ས་མཚམས་ཀྱི་ཁུལ་དུ་རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་དཔུང་དམག་གི་བར་འཁྲུག་འཛིང་བྱུང་བའི་སྐབས་ནས་ས་མཚམས་ཁུལ་ལ་འཛུགས་བསྐྲུན་གྱི་ལས་གཞི་དེ་ཚོ་སྤེལ་ཡོད་པའི་སྐོར་གནས་ཚུལ་འགྲེལ་བརྗོད་བྱས་འདུག