འཇིགས་སྐུལ་དྲག་སྤྱོད་པས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག

ISIS་འཇིགས་སྐུལ་དྲག་སྤྱོད་པས་རྒྱ་ནག་ནང་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལྟར་དྲག་པོའི་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

ISIS་འཇིགས་སྐུལ་དྲག་སྤྱོད་པ། དྲ་བཤུས།ISIS militants

ISIS་འཇིགས་སྐུལ་དྲག་སྤྱོད་པས་རྒྱ་ནག་ནང་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལྟར་དྲག་པོའི་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
དེ་ཡང་ཨེ་ཕི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨི་རག་ནང་ཡོད་པའི་Islamic State་འམ་ཡོངས་གྲགས་སུ་ISIS་ཟེར་བའི་འཇིགས་སྐུལ་དྲག་སྤྱོད་ཚོགས་སྡེའི་ཁོངས་གཏོགས་ཝི་གུར་མི་རིགས་ཡིན་ཟེར་མཁན་དྲག་སྤྱོད་པས་ཆུ་ཚོད་ཕྱེད་ཁ་ཅན་གྱི་བརྙན་ཐུང་ཞིག་སྤེལ་ནས། ཁོང་ཚོས་རྒྱ་ནག་ནང་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལྟར་དྲག་པོའི་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། དེ་ནི་ISIS་དྲག་སྤྱོད་དཔུང་ཚོགས་ནས་རྒྱ་ནག་ལ་ཡོངས་ཁྱབ་ཀྱི་ཉེན་བརྡ་འདི་ལྟར་བཏང་པ་ཐེངས་མ་དང་པོ་ཡིན་པ་རེད།
བརྙན་ཐུང་དེའི་ནང་། ཁྱེད་ཚོ་རྒྱ་མི་རིགས་ཚོས་མིའི་སྐད་ཆ་གོ་གི་མེད་པ་རེད་ཅེས་དང་། ང་ཚོ་Caliphate དམག་དཔུང་གིས་ཁྱོད་ཚོའི་མདུན་སར་ཡོང་ཏེ། མཚོན་ཆའི་སྐད་ཆ་དེ་ངོ་སྤྲོད་དེ། དྲག་གནོན་པ་ཚོར་དགྲ་འཁོན་ལེན་སློག་ཆེད་ཁྲག་གི་རྒྱ་མཚོ་འཁྱིལ་བ་བཟོ་རྒྱུ་ཡིན་ཅེས་བརྗོད་འདུག
ཤིན་ཅང་ཐོག་ཉམས་ཞིབ་གནང་མཁན་ཨོ་སི་ཀྲི་ལི་ཡ་གཙུག་ལག་སློབ་གྲ་ཆེན་མོའི་མཁས་དབང་Michaell Clarke་ལགས་ཀྱིས་འདི་ནི་ ISIS འཇིགས་བསྐུལ་དྲག་སྤྱོད་པས་རྒྱ་ནག་ལ་གཞུང་འབྲེལ་གྱི་ཐོག་ནས་ཉེན་བརྡ་བཏང་པ་ཐེངས་དང་པོ་ཡིན་པ་གསུངས་པ་དང་དེ་བཞིན་ཁོང་གིས་ ཝི་གུར་གྱི་སྐད་ཡིག་བརྒྱབ་མཁན་དྲག་སྤྱོད་དམག་མིས་ ISIS འཇིགས་བསྐུལ་དྲག་སྤྱོད་པར་ཡོངས་གྲགས་ཀྱི་ཐོག་ནས་ཞེན་ཁོག་ཡོད་པ་བསྟན་པ་ཡང་ཐོག་མ་དེ་ཡིན་པ་གསུངས་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁུང་གི་མགྲིན་ཚབ་པ་Geng Shuang གྱིས་འཇིགས་བསྐུལ་ཉེན་བརྡའི་བརྙན་ཐུང་དེ་མཐོང་མ་སོང་ཡང་། ཤར་ཏུ་ཀེའི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པས་རྒྱ་ནག་གི་བདེ་འཇགས་ལ་ཚབས་ཆེན་གྱི་ཉེན་ཁ་ཞིག་བཟོ་གི་ཡོད་པ་ཅེས་བཤད་འདུག
ISIS དྲག་སྤྱོད་པས་རྒྱ་ནག་ལ་འཇིགས་སྐུལ་དྲག་ལས་སྤེལ་རྒྱུའི་ཉེན་བརྡའི་བརྙན་ཐུང་དེ་བཞིན་ རྒྱ་ནག་གིས་ཤིན་ཅང་ཁུལ་དུ་དྲག་ཆས་ཉེན་རྟོག་པ་ཁྲི་གཅིག་ལྷག་སྡེབ་འཇོག་གིས་སྟོབས་ཤུགས་ངོམ་པའི་ཉིན་མོ་དང་བསྟུན་ནས་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཨ་རིའི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གིས། རྒྱ་ནག་གིས་ཁ་ཆེའི་ཆོས་ལུགས་ཐོག་དམ་དྲག་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ ISIS འཇིགས་སྐུལ་སྒྲིག་འཛུགས་ནང་ཡུ་གུར་མི་གྲངས་༡༠༠་ལས་མང་བ་འཛུལ་ཞུགས་བྱས་ཡོད་པ་ཡང་བརྗོད་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org