ཉེན་རྟོག་པའི་དམ་དྲག་འོག་ཡི་ཤུའི་མཁན་པོ་བསྐོ་བཞག་གནང་བཅུག་པ།
རྒྱ་ནག་ནང་ཉེན་རྟོག་པ་ཁྱོན་ཆེ་འགྲེམས་འཇོག་བྱས་པའི་ཁྲོད་ལོ་གསུམ་གྱི་རྗེས་ཡི་ཤུའི་མཁན་པོ་བི་ཤོབ་ཐོག་མ་དེ་བསྐོ་བཞག་བྱེད་དུ་བཅུག་འདུག
-
2015-08-04 -
-
-
རྒྱ་ནག་ནང་ཉེན་རྟོག་པ་ཁྱོན་ཆེ་འགྲེམས་འཇོགས་བྱས་པའི་ཁྲོད་ལོ་གསུམ་གྱི་རྗེས་ཡི་ཤུའི་མཁན་པོ་བི་ཤོབ་ཐོག་མ་དེ་བསྐོ་བཞག་བྱེད་དུ་བཅུག་འདུག
དེ་ཡང་ཡེ་ཤུའི་ཆོས་དཔོན་ཇོ་སེཕྷ་ཀྲང་ཡི་ལིན་ལ་རྒྱ་ནག་དབུས་ཧེ་ནན་ཞིང་ཆེན་གྱི་ཨན་ཡང་གྲོང་ཁྱེར་གྱི་བི་ཤོབ་རུ་བསྐོ་བཞག་བྱས་པའི་མཛད་སྒོ་ཞིག་ཚུགས་འདུག འོན་ཀྱང་མཛད་སྒོ་ཚུགས་ཡུལ་གྱི་ཡེ་ཤུའི་ལྷ་ཁང་དེའི་ནང་འགྲོ་འདོད་ཡོད་པའི་མི་བརྒྱ་ཕྲག་མང་པོ་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་མ་ཟད། ཧྥ་རནསི་གསར་ལས་ཁང་གི་གསར་འགོད་པ་ཡང་འགྲོ་བཅུག་མེད་པ་རེད། དེ་ནི་འདས་པའི་ལོ་གསུམ་རིང་རྒྱ་ནག་ནང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་བི་ཤོབ་བསྐོ་བཞག་བྱ་རྒྱུ་ཡོངས་སུ་བཀག་འགོག་བྱས་པའི་རྗེས། དེ་རིང་ཕྱི་ཟླ་༨ཚེས་༤ཉིན་ཉེན་རྟོག་པ་ཁྱོན་ཆེ་འགྲེམས་འཇོགས་བྱས་པའི་ཁྲོད་ལོ་གསུམ་གྱི་རྗེས་བི་ཤོབ་ཐོག་མ་དེ་བསྐོ་བཞག་བྱེད་དུ་བཅུག་ཡིན་པ་རེད།
རྒྱ་ནག་གཞུང་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྟེན་གཞི་ཝེ་ཊི་ཀན་དབར་ཆབ་སྲིད་ཀྱི་འབྲེལ་ལམ་མེད་ལ། རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཐོག་ཝེ་ཊི་ཀན་གྱི་དབང་ཚད་ཡོད་པར་ངོས་འཛིན་བྱེད་ཀྱི་མེད་པ་རེད།
ཡེ་ཤུའི་ཆོས་དཔོན་ཇོ་སེཕྷ་ཀྲང་ཡི་ལིན་བི་ཤོབ་ཏུ་བསྐོ་བཞག་བྱ་རྒྱུར་རྒྱ་ནག་རྒྱལ་གཅེས་གནམ་བདག་ཆོས་ལུགས་མཐུན་ཚོགས་ཞེས་པ་རྒྱ་ནག་གཞུང་འབྲེལ་ལས་ཁུངས་ནས་འདི་ལོ་ཕྱི་ཟླ་བཞི་པའི་ནང་གསལ་བསྒྲགས་བྱས་ཡོད་ཀྱང་། ཝེ་ཊི་ཀེན་གྱི་ངོས་ནས་རྒྱ་ནག་གཞུང་གིས་གསལ་བསྒྲགས་དེ་མ་བྱས་པའི་དུས་ཡུན་གང་ཙམ་ཞིག་གི་སྔོན་ནས་ཇོ་སེཕྷ་ཀྲང་ཡི་ལིན་ལ་བི་ཤོབ་ཏུ་བསྐོ་བཞག་བྱ་རྒྱུ་གཏན་འཁེལ་ཟིན་ཡོད་པ་བརྗོད་ཡོད་པ་རེད།
ད་ལྟའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་དབུ་ཁྲིད་པོབ་ཕྷརན་སིསི་ཡིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་བཞིན་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་སྔ་ལོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྟེན་གཞི་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཞབས་སོར་འཁོད་སྐབས་མཇལ་འཕྲད་མ་ཞུས་པའི་རྒྱུ་མཚན་ཡང་རྒྱ་ནག་དགའ་པོ་བཟོ་ཆེད་ཀྱི་ལན་བརྡ་སྤྲད་པ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།