ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་རྒྱ་ནག་གི་བྱ་སྤྱོད་ཐད་སྐྱོན་བརྗོད་གནང་འདུག
རྒྱ་ནག་ནང་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་བསྟུན་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཉན་ཞིབ་གནང་སོང་།
- 2022-02-04
-
-
-
འདི་ཚེས་༣་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ནང་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་འགོ་མ་ཚུགས་པའི་ཉིན་གཅིག་གི་སྔོན། གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་གཙོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཉན་ཞིབ་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གཙོས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་ཀྱང་། ད་རེས་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་མཛད་སྒོ་འཁྲབ་སྟོན་ཡིད་དབང་འཕྲོག་པ་བྱས་ཏེ་འཛམ་གླིང་མི་མང་གི་སེམས་གཡེང་ཐབས་བྱ་སྲིད་པ་དང་། རྒྱ་ནག་གི་བྱ་སྤྱོད་དང་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་དེ་ཨ་མི་རི་ཀ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང་། མི་རིགས་ལྡེབ་གསོད་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་ཡོད་སྟབས། ཡོང་རྒྱུའི་བདུན་ཕྲག་གཉིས་རིང་པེ་ཅིང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་རིང་ཚང་མས་རྒྱ་ནག་གི་ནང་གི་དངོས་ཡོད་གནས་སྟངས་དེ་གསལ་བཏོན་བྱེད་དགོས་བ་གསུངས་བ་དང་མཉམ། ད་སྐབས་རྒྱ་ནག་གི་བཙོན་འོག་དུ་ཡོད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ཡུ་གུར་བའི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་(Ilham Tohti)་སོགས་ཆབ་སྲིད་བཙོན་པ་རྣམས་ཀྱི་བློས་གཏོང་དང་དངོས་ཡོད་གནས་སྟངས་ཨ་མི་རི་ཀའི་ངོས་ནས་ཤེས་ཀྱི་ཡོད་པ་གསུངས་ཡོད་པ་རེད།
གཞན་སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས། རྒྱལ་སྤྱིའི་ཨོ་ལིམ་པིཀསི་ཚོགས་ཆུང་དང་། རྩེད་འགྲན་གྱི་སྤྱིན་བདག་བཟོ་ཚོང་ལས་ཁང་ཚོའི་བྱ་སྤྱོད་ལ་ཁ་རྡུང་དང་སྐྱོན་བརྗོད་དང་མཉམ། ཁོང་གིས། གལ་ཏེ། འདེམས་ཀ་ཡོད་ཚེ་རྩེད་འགྲན་པ་སུས་ཀྱང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་ལྟར་བྱ་མཁན་གྱི་རྒྱལ་ཁབ་ཞིག་གི་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུའི་འདོད་པ་མེད་པ་རེད། འོན་ཀྱང་། བློ་སྟོབས་མེད་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་ཚོགས་ཆུང་དང་། རྩེད་འགྲན་གྱི་སྦྱིན་བདག་བཟོ་ཚོང་ལས་ཁང་ཚོའི་གནོན་ཤུགས་ལ་བརྟེན་ནས་རྩེད་འགྲན་ནང་མཉམ་ཞུགས་མི་བྱེད་ཐབས་མེད་ཆགས་ཡོད་ཅེས་གསུངས་གནང་འདུག
ཉན་ཞིབ་ཀྱི་ལས་རིམ་དེིའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་མཉམ་ཞུགས་གནང་ནས། ད་ལྟའི་བོད་ནང་གི་གནས་སྟངས་དང་། ད་ལྟའང་ཁོང་མོའི་ཨ་མ་གཙོས་ནང་མི་རྣམས་ལ་དམ་དྲག་སུནགཙེར་བྱེད་བཞིན་པའི་གནས་ཚུལ་ངོ་སྤྲོད་དང་། པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་དགོས་པའི་ཞུ་སྐུལ་བྱས་འདུག
གཞན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་(Olympics)་རྩེད་འགྲན་གྱི་སྒྲིག་གཞི་ལྟར། ཨ་རིའི་རྩེད་འགྲན་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པར་བརྟེན། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཞུང་ལ་ཚད་མཐོའི་སྨྲ་བརྗོད་རང་དབང་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་འགྲོ་བ་མིའི་རང་དབང་ཐོབ་ཐང་རྣམས་ལ་དང་ལེན་ཞུ་དགོས་པའི་འབོད་སྐུལ་གནང་འདུག
(Olympics)་རྩེད་འགྲན་གྱི་སྒྲིག་གཞིའི་དོན་ཚན་༥༠་པའི་ནང་། (Olympics)་རྩེད་འགྲན་ཚོགས་ཡུལ་གང་དུའང་རྩེད་འགྲན་པ་ཚོས་ངོ་རྒོལ་རིགས་དང་ཆབ་སྲིད། ཆོས་ལུགས་སམ་མི་རིགས་རིང་ལུགས་ཀྱི་དྲིལ་བསྒྲགས་བྱེད་མི་ཆོག་པ་བཀོད་ཡོད་པ་ལས། སྤྱི་ཚོགས་དྲ་ལམ་དང་། གསར་ལམ་ཁག་གི་བཅར་འདྲིའི་སྐབས་སྨྲ་བརྗོད་རང་དབང་བཀག་འགོག་མེད་པ་གསལ་ཡོད་པ་རེད།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།