པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་ཕྱིའི་གསར་འགོད་པ་ཞིག་གི་གསར་འགོད་ལས་དོན་བཀག་འགོག་བྱས་འདུག
པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་ཚར་མེད་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པས་ཕྱིའི་གསར་འགོད་པ་ཞིག་གིས་གསར་འགྱུར་འགོད་སྤེལ་བྱེད་བཞིན་པ་བཀག་འགོག་བྱས་འདུག
- 2022-02-04
-
-
-
དེ་ཡང་འདི་ཚེས་༤་ཉིན། ནེ་དྷར་ལན་ཊིའི་བརྙན་འཕྲིན་ཁང་(NOS)་ཞེས་པའི་བརྙན་འཕྲིན་གསར་འགོད་པ་(Sjoerd denDass)་ཡིས་རྒྱ་ནག་པེ་ཅིང་ནས་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་གྱི་གནས་ཚུལ་མཁོ་སྒྲུབ་ཐད་གཏོང་བྱེད་བཞིན་པའི་སྐབས། གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པས་ཁ་ཤས་ཡོང་ནས་བཙན་ཤེད་ཀྱིས་གནས་ཚུལ་ཐད་ཀར་རྒྱང་སྲིང་བྱེད་དུ་མ་བཅུག་པར་བཀག་འགོག་བྱས་ཡོད་པ་དང་། བརྙན་འཕྲིན་ཁང་དེས་རྗེས་སུ་གནས་ཚུལ་སྤེལ་བ་ལྟར་ན། ང་ཚོའི་གསར་འགོད་པ་དྷན་དྷ་སེ་པེ་ཅིང་ནས་པར་ཆས་མདུན་དུ་བླངས་ནས་གནས་ཚུལ་མཁོ་སྒྲུབ་ཐད་གཏོང་བྱེད་བཞིན་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པ་ལྔས་བཙན་གྱིས་བཀག་འགོག་བྱས་བ་ནི། བློ་ཕམ་གྱི་གནས་དང་། གསར་འགོད་རང་དབང་མེད་པའི་དཀའ་ངལ་ཞིག་ཡིན་པས། དཀའ་ངལ་འདི་རིགས་རྒྱ་ནག་ནང་གི་ཕྱིའི་གསར་འགོད་པ་ཚོར་འཕྲད་མུས་ཡིན་པ་གནས་ཚུལ་སྤེལ་འདུག
ད་དུང་ནེ་དྷར་ལན་ཊའི་དུས་དེབ་(Algemeen Dagblad)་ཞེས་བས་ད་རེས་གྱི་གནས་ཚུལ་ལུངས་འདྲེན་གྱིས་འདི་ནི་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གྱི་དཔེ་མཚོན་ཙམ་ཡིན་པ་བརྗོད་འདུག
ཟླ་སྔོན་མར་རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་ཚོད་འཛིན་དང་མི་སྤྲོད་པ་སོགས་བསུན་པོ་བཟོས་ནས་རྒྱ་ནག་ནང་རང་དབང་གི་ཐོག་གསར་འགོད་ལས་དོན་བསྒྲུབ་ཁག་པོ་ཡོད་པ་བརྗོད་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།