རྒྱལ་ས་པེ་ཅིང་གི་མཁའ་རླུང་གཙང་མ་བཟོ་ཐབས་བྱེད་བཞིན་པ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱལ་སྤྱིའི་རྩེད་འགྲན་མ་ཚུགས་གོང་མཁའ་རླུང་གཙང་མ་བཟོ་དགོས་པ་བྱ་རྒྱུའི་བཀོད་ཁྱབ་གཏོང་རྒྱུ་ཡིན་པ་རེད་

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་མགྱོགས་མྱུར་འགོ་ཚུགས་ལ་ཉེ་བའི་སྔོན་འགྲོའི་གྲ་སྒྲིག་བྱེད་སྒོའི་ཁོངས་སུ་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་པེ་ཅིང་གྲོང་ཁྱེར་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཁའ་རླུང་གཙང་མ་བཟོ་དགོས་པ་དེ་ རྒྱ་ནག་གཞུང་གིས་གྲུབ་དགོས་པའི་ཧ་ཅང་ཛ་དྲག་ཅན་གྱི་ཆ་རྐྱེན་ཞིག་བཟོས་ཡོད་པར་བརྟེན་ སང་ཉིན་གཟའ་ཉི་མ་ནས་འགོ་འཛུགས་ཀྱིས་ པེ་ཅིང་གྲོང་ཁྱེར་ནང་གི་མོ་ཊ་གྲངས་ས་ཡ་བཞི་ཙམ་ཡོད་པའི་ཁོངས་ནས་ ཕྱེད་ཀ་ཙམ་ལམ་ཆེན་ལམ་ཆུང་སྒང་ལ་ཉི་མ་གཉིས་རེའི་ནང་ཐེངས་རེ་མ་གཏོགས་འགྲིམ་འགྲུལ་བྱེད་མི་ཆོག་པ་དང་ དེ་བཞིན་བར་སྣང་གི་ཁོར་ཡུག་བཙོག་པ་བཟོ་བའི་དུ་བ་ངན་པ་གཏོང་མཁན་གྱི་བཟོ་གྲྭ་རྣམས་སྒོ་རྒྱབ་རྒྱུ་དང་ དེ་བཞིན་རྫས་སྦྱོར་དང་གློག་གི་བཟོ་གྲྭ་སོགས་སྒོ་ཕྱེ་ནས་འཇོག་རྒྱུ་ཡིན་ནའང་ བཟོ་གྲྭ་དེ་ཚོའི་གྲས་ཀྱིས་བར་སྣང་ནང་དུ་བ་ངན་པ་འཕེན་རྒྱུའི་ཚད་གཞི་ནམ་རྒྱུན་ལས་བརྒྱ་ཆ་ ༣༠ ཉུང་དུ་གཏོང་དགོས་པ་དེ་བཞིན་མཁའ་དབྱིངས་ནང་ཐལ་བ་ཧ་ཅང་མཐུག་པོ་བཏོན་མཁན་གྱི་འཛུགས་བསྐྲུན་ལས་རིགས་ཁག་ཀྱང་མཚམས་འཇོག་བྱ་རྒྱུའི་བཀོད་ཁྱབ་གཏོང་རྒྱུ་ཡིན་པ་རེད་ རྒྱ་ནག་གཞུང་གིས་ཌོ་ལར་ཐེར་འབུམ་བཞི་ལྷག་འགྲོ་གྲོན་བཏང་སྟེ་ ཧ་ཅང་བརྗིད་ཉམས་ལྡན་པའི་རྩེད་འགྲན་ཚུགས་ཡུལ་བཟོས་ཏེ་ པེ་ཅིང་ནང་དུ་འདུ་འཛོམས་བྱ་རྒྱུའི་འཛམ་གླིང་གི་རྩེད་འགྲན་པ་ཚོ་དང་ རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་ ༢༡ ནང་གི་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འགྲེམས་སྟོན་གྱི་ལམ་ནས་ངོམས་རྒྱུ་ཡིན་པ་རེད་ ཡིན་ནའང་རྒྱ་ནག་གི་རྒྱལ་སའི་ཁུལ་གྱི་མཁའ་རླུང་ནི་ཧ་ཅང་བཙོག་པ་ཅན་ཞིག་ཡིན་པ་འཛམ་གླིང་ནང་ཡོངས་གྲགས་ཡིན་སྟབས་ དངོས་ཡོད་ཀྱི་གནས་ཚུལ་དེ་ལས་གཡོལ་ཐབས་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡིན་པ་རེད་ འཛམ་གླིང་དངུལ་ཁང་གིས་ཞིབ་འཇུག་བྱས་གསལ་ལྟར་ན་ འཛམ་གླིང་གི་ཁྱོན་ལ་མཁའ་རླུང་ཤིན་ཏུ་བཙོག་པ་བྱས་པའི་གྲོང་ཁྱེར་ ༢༠ ཡོད་པའི་ཁོངས་ནས་གྲོང་ཁྱེར་ ༡༦ རྒྱ་ནག་ནང་ལ་ཆགས་ཡོད་པ་རེད་ལ་ གྲོང་ཁྱེར་དེ་ཚོའི་ནང་ལ་རྒྱུག་བཞིན་པའི་རྒྱུགས་ཆུའི་སྤུས་ཚད་ཡང་བརྒྱ་ཆ་ ༧༠ ཙམ་མི་ཡིས་འཐུང་མི་འོས་པ་ཞེ་གཅིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org