༸སྐུའི་ཡང་སྲིད་ཐོག་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང༌།
མ་འོངས་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ད་ལྟ་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
-
2011-01-17 -
-
-
༄༅༎རྒྱལ་མཆོག་སྐུ་ཕྲེང་༡༤པ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་བཅུ་དོན་གྲངས་ལ་ཕེབས་ཀྱི་ཡོད་པའི་ཆ་ནས་མ་འོངས་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ད་ལྟ་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
In the Shadow of the Buddhaཞེས་པའི་ཕྱག་དེབ་ཀྱི་རྩོམ་པ་པོ་མེ་ཀྲི་ཡོ་པིསི་ཀྲོ་ནོ་ཡིས་ ཨ་རིའི་ལྦ་ཤིང་ཀྲོན་ཕོ་ཉ་ ཞེས་པའི་གསར་ཤོག་ནང་རྩོམ་ཡིག་ཞིག་སྤེལ་གནང་འདུག་པའི་ནང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་རྒྱལ་དབང་སྐུ་ཕྲེང་༡༥པའི་སྐུའི་ཡང་སྲིད་ཕེབས་སྟངས་འདྲ་མིན་ཁག་འགའ་ཤས་བཀའ་གནང་ཡོད་པ་རེད།
གལ་ཏེ་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་བོད་མི་ས་ཡ་དྲུག་གི་ཚབ་གནང་སྟེ་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པར་སྐྱོན་བརྗོད་གནང་མཁན་འཛམ་གླིང་ནང་མཚན་སྙན་གྲགས་ཆེ་བའི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཞིག་མིན་པ་ཡིན་ན། ༧གོང་ས་མཆོག་གི་ཡང་སྲིད་རྩད་གཅོད་ཞུ་ཡག་དེ་བོད་བརྒྱུད་ནང་བསྟན་ཀྱི་རྗེས་འབྲང་པ་གཅིག་པུའི་འགན་ཆགས་རྒྱུ་ཡིན་སྐོར་མེ་ཀྲི་ཡོ་པོསི་ཀྲོ་ནོ་ཡིས་གསུང་ཡོད་པ་དང༌། ཡང་ཁོང་གིས་རྒྱ་ནག་གཞུང་གིས་རྒྱལ་བ་སྐུ་ཕྲེང་༡༥པའི་ཐོག་བཏང་འཛིན་བྱ་རྒྱུའི་འཆར་གཞི་སྔ་ས་ནས་གཏིང་བཞིན་ཡོད་སྟབས། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཨ་མི་རི་ཀ་དང་དེ་མིན་རྒྱལ་ཁབ་གཞན་ཚོའི་སྲིད་གཞུང་ཁག་གིས་ ༧གོང་ས་མཆོག་ནས་མ་འོངས་རྒྱལ་མཆོག་སྐུ་ཕྲེང་༡༥པ་རྩད་གཅོད་ཇི་ལྟར་ཞུ་མིན་དང༌། ཡང་སྲིད་ངོས་འཛིན་ཞུ་བའི་དབང་ཚད་སུ་ཞིག་ལ་གནང་མིན་ཐད་ད་ལྟ་ནས་ཐུགས་སྣང་ཞིབ་ཚག་པོ་གནང་དགོས་པའི་སྐོར་འགྲེལ་བརྗོད་གནང་བཞག།
རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་མི་ས་ཡ་དྲུག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ལ་ངོས་འཛིན་དང་འབྲེལ་བོད་ཕྱི་ནང་གཉིས་ནང་ཚང་མས་༧གོང་ས་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུ་ཡི་ཡོད་པར་བརྟེན་། བོད་མི་ཚོས་༧གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཆེན་པོ་ཞུ་ཡི་ཡོད་པའི་གནས་སྟངས་དེ་མེད་པ་བཟོ་མ་ཐུབ་ཙང༌རྒྱ་ནག་གིས་རྒྱལ་མཆོག་སྐུ་ཕྲེང་༡༥པའི་ཐོག་བཏང་འཛིན་བྱེད་ཡག་གི་འཆར་གཞི་ད་ལྟ་ནས་གཏིང་བཞིན་ཡོད་པ་རེད།
༧གོང་ས་མཆོག་གིས་མ་འོངས་ཡང་སྲིད་དེ་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་ནང་འཁྲུངས་རྒྱུའི་བཀའ་ཡང་ཡང་གནང་ཡོད་པ་བཞིན་། ཉེ་དུས་རྒྱ་གར་གྱི་གནས་མཆོག་ལྦ་ར་ན་སིར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩོམ་པ་པོ་མེ་ཀྲི་ཡོ་པིསི་ཀྲོ་ནོ་ལ་། གལ་ཏེ་བོད་རྒྱ་ཆེའི་མི་མང་གིས་ཏཱ་ལའི་བླ་མའི་ཡང་སྲིད་དགོས་ཀྱི་ཡོད་ཚེ་༧གོང་ས་མཆོག་རྒྱ་ནག་གི་བཏང་འཛིན་མེད་སའི་ཕྱིའི་ས་ཁུལ་ཞིག་ནང་འཁྲུངས་རྒྱུ་ཡིན་པ་དང༌། ཡང་སྲིད་ཕེབས་ཡག་གི་དགོས་དོན་དེའང༌། སྐུ་གོང་མའི་ཕྱག་ལས་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་དོན་དུ་ཡིན་སྐོར་བཀའ་གནང་སྟེ། ད་ལྟའི་སྐབས་དེར་རྒྱ་ནག་གིས་༧གོང་ས་མཆོག་གི་སྐུ་ཐོག་དེའི་མཛད་རྗེས་ལ་དགའ་པོ་མེད་ན། སྐུ་ཕྲེང་རྗེས་མའི་ཡང་སྲིད་རྩད་གཅོད་རྒྱ་མིས་བྱེད་དགོས་དོན་མེད་པའི་སྐོར་བཀའ་གནང་འདུག།