ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོཌ་འཐུས་མི་བཞུཌ་སྒར་དུ་འཚམས་གཟིཌ།

ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་དེ་རིང་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་པ།

༄༅༎ཚོགས་མི་དྲུག་ལས་གྲུབ་པའི་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་དེ་རིང་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་ཁོང་རྣམས་བཞུགས་སྒར་དུ་ཉིན་དྲུག་རིང་བཞུགས་སྐབས་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་གཞུང་གི་མཛད་གཙོ་རྣམས་མཇལ་འཕྲད་བཀའ་མོལ་ཞུ་འཆར་འདུག

ཨོ་སོ་ཀྲོ་ལི་ཡའི་ཆབ་སྲིད་ཚོགས་པ་སྣེ་མང་བསྡུས་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་དེས་བོད་པའི་སློབ་གྲྭ་ཁག་དང་སྨན་ཁང་ཁག་དེ་བཞིན་རིག་གཞུང་ལྟེ་གནས་ཁག་ནང་གཟིགས་སྐོར་གནང་རྒྱུ་མ་ཟད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་བཀའ་སློབ་ཡང་གནང་འཆར་འདུག

ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡུལ་དེའི་ངལ་རྩོལ་ཚོགས་པའི་ཚོགས་མི་ཡིན་པ་སྐུ་ཞབས་མའེ་ཁལ་ཌེན་སྦི་མཆོག་གིས་སྣེ་འཁྲིད་གནང་བའི་སྐུ་ཚབ་འཐུས་མིའི་ཁོངས་སུ་གྲོས་ཚོགས་འོག་མའི་འཐུས་མི་པི་ཊེ་སི་ལི་པར་མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་ནིཀ་ཛེ་ནོ་ཕོན་མཆོག།མེ་ལི་ས་པཀ་མཆོག།སི་ཀོཏ་ལ་ཌི་ལམ་མཆོག་དེ་བཞིན་སེ་ར་ཧེན་སེན་ཡཱང་བཅས་དང་ཁོང་རྣམས་པའི་ནང་མི་རྣམས་བཅས་མི་གྲངས་བཅུ་གཅིག་ཡོད་པ་རེད། སྐུ་ཞབས་མའེ་ཁེལ་ཌེན་སྦི་མཆོག་གིས་ད་རེས་ཁོང་རྣམས་བཞུགས་སྒར་དུ་ཕེབས་དོན་ནི་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་ཡོང་རྒྱུར་ཨོ་སོ་ཀྲོ་ལི་ཡས་རྒྱབ་སྐྱོར་ཞུས་པའི་གོམ་པ་གལ་ཆེ་ཞིག་ཡིན་སྐོར་གསུངས་པ་ཨོ་སོ་ཀྲོ་ལི་ཡའི་གནས་འཕྲིན་དྲ་རྒྱའི་གསར་ཤོག་ཨོ་སོ་ཀྲོ་ལི་ཡེན་ཞེས་པས་ལུང་འདྲེན་ཞུས་འདུག ཡང་ཁོང་གིས་ད་རེས་ཁོང་རྣམས་ནས་བཞུགས་སྒར་དུ་འཚམས་འདྲི་གཟིགས་སྐོར་གནང་བ་བརྒྱུད་ནས་བོད་ཀྱི་གནད་དོན་ཐད་མཁྱེན་རྟོགས་ཆེ་བ་དང་མ་འོངས་པར་བོད་དོན་ཐོག་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཞུ་རྒྱུའི་བསམ་ཚུལ་གསར་པ་མཁོ་སྤྲོད་ཐུབ་པའི་ཐུགས་རེ་གནང་གི་ཡོད་ལུགས་ཀྱང་གསུངས་འདུག ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱི་ལྷན་དུ་གྲོང་ཁྱེར་ཁེན་སྦ་རའི་ནང་རྟེན་གཞི་བྱས་པའི་བོད་གནས་ཉམས་ཞིབ་ཁང་གི་དངོས་གྲུབ་རྒྱལ་མཚན་ལགས་དང་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སའེ་མོན་སྦེ་རེདྲ་ཤོ་ཡང་བཞུགས་སྒར་དུ་ཕེབས་ཡོད་པ་རེད། ཡང་ཁོང་རྣམས་ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན་བཞུགས་སྒར་ནས་ཐོན་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཆེད་ཕེབས་གནང་ནས་རྒྱ་གར་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཐེ་བའི་གྲོས་ཚོགས་འཐུས་མི་གསར་པ་རྣམས་ཀྱི་ལྷན་དུ་ཡང་མཇལ་འཕྲད་གནང་འཆར་ཡོད་སྐོར་ཁ་ས་བཙན་བྱོལ་བོད་གཞུང་གི་ཊི་སྦེཏ་ནེཏ་ཞེས་པའི་དྲ་གནས་བརྒྱུད་ནས་གནས་ཚུལ་སྤེལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org